མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་འབུམ་བཞི་དང་ཁྲི་ལྔ་ཙམ་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་སྤྱི་ཞབས་ཁང་གིས་ཚེས་ཉེར་བརྒྱད་ཉིན་པེ་རུ་ཐི་ནས་སྙན་ཞུ་སྤེལ་ཏེ། ད་ལྟའི་བར་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་ཏེ་ཡུལ་གྱར་བའི་ཐོབ་ཐང་བརྩོན་ལེན་བྱེད་པའི་སི་རི་ཡཱའི་མི་འབུམ་བཞི་དང་ཁྲི་བཞི་སྟོང་བཞི་ལ་བསླེབ་ཡོད་པ་དང་། གཟའ་འཁོར་སྔོན་མ་ལས་མི་ཁྲི་གཅིག་དང་སྟོང་དྲུག་ཇེ་མང་དུ་སོང་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་དེ་དག་གི་ཁྲོད་དུ་མི་འབུམ་གསུམ་དང་ཁྲི་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་དུ་ཐོ་འགོད་བྱས་ཡོད་པ་དང་། གཞན་ཡང་མི་འབུམ་གཅིག་དང་ཁྲི་གཅིག་སྟོང་བཞི་ཡིས་ཐོ་འགོད་བྱེད་པར་སྒུག་ཡོད། ཁོ་ཚོར་ལེ་པཱ་ནུན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་ཀྱི་སྲུང་སྐྱོབ་དང་རོགས་རམ་ཐོབ་བཞིན་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་གྱི་ས་ཁུལ་རེ་འགར་བཙུགས་ཡོད་པའི་ཐོ་འགོད་བྱེད་ས་ནས་སི་རི་ཡཱའི་ཡུལ་གྱར་བར་ཐོ་འགོད་བྱེད་བཞིན་ཡོད་ལ། ཚེས་ཉེར་དྲུག་ཉིན་བར་ཡུལ་གྱར་བའི་ལས་དོན་ཁང་གིས་བསྡོམས་པས་ཟླ་བཞི་བའི་ནང་སི་རི་ཡཱའི་མི་ཁྲི་བརྒྱད་ཐོ་འགོད་བྱས་པ་དང་། གཟའ་འཁོར་སྔོན་མ་གཅིག་པུའི་ནང་ཡུལ་གྱར་བ་ཁྲི་གཉིས་དང་སྟོང་བདུན་ཐོ་འགོད་བྱས་པ་རེད། ཡུལ་གྱར་བ་དེ་དག་མང་ཤོས་སི་རི་ཡཱའི་མཐའ་མཚམས་དང་འབྲེལ་བའི་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་དང་། རྒྱལ་ས་པེ་རུ་ཐི་དང་ལྷོ་ཕྱོགས་ས་ཁུལ་བཅས་སུ་བཀོད་སྒྲིག་བྱས་ཡོད།

ལེ་པཱ་ནུན་ལྟ་སྐྱོང་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་མན་སུའུ་ཨར་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། མིག་སྔར་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བའི་དོན་དངོས་མི་གྲངས་ས་ཡ་གཅིག་ལས་བརྒལ་ཡོད་པ་དང་། ལེ་པཱ་ནུན་རྒྱལ་ཡོངས་མི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག