ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་ཨུ་རུ་སིའི་ཙུང་ཐུང་གི་ཀྲུང་ཏུང་གནད་དོན་གྱི་ཆེད་མངག་ཕོ་ཉ། ཕྱི་འབྲེལ་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་དང་ལེ་པཱ་ནུན་གྱི་མགོ་ཁྲིད་པས་སྤྱི་ཟླ4བའི་ཚེས26ཉིན་པེ་རུ་ཐི་ནས་གྲོས་མོལ་བྱས་ཏེ། ཀྲུང་ཏུང་ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་། ཕྱི་རྒྱལ་གྱིས་སི་རི་ཡཱ་ལ་དམག་དོན་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
ལེ་པཱ་ནུན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་ཕྱི་འབྲེལ་བློན་ཆེན་མན་སུའུ་ཨར་སོགས་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་སི་རི་ཡཱའི་ཉམས་ཉེན་དང་ལེ་པཱ་ནུན་གྱི་གནས་བབ། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཐུག་འཕྲད་བྱེད་སྐབས་སུའུ་ལེ་མན་ལ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་འཕྲིན་ཡིག་བརྒྱུད་སྤྲོད་བྱས། ཕུའུ་ཅིན་གྱིས་འཕྲིན་ཡིག་ནང་སུའུ་ལེ་མན་གྱིས་ལེ་པཱ་ནུན་གྱི་བརྟན་འཇགས་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།
སུའུ་ལེ་མན་གྱིས་ཐུག་འཕྲད་བྱེད་སྐབས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ལ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་སི་རི་ཡཱའི་ཉམས་ཉེན་ལས་ལེ་པཱ་ནུན་ལ་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
སུའུ་ལེ་མན་གྱིས་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་བར་ཡང་བསྐྱར་འབོད་སྐུལ་བཏང་། ཁོས་བསྟན་དོན། སྔར་ལས་མང་བའི་སི་རི་ཡཱའི་ཡུལ་གྱར་བ་ལེ་པཱ་ནུན་གྱི་མངའ་ཁོངས་སུ་ཡོང་བ་ལས་ལེ་པཱ་ནུན་ལ་སྤྱི་ཚོགས་དང་བདེ་འཇགས་ཐད་ནས་དཀའ་ཁག་བཟོས་པ་དང་། ལེ་པཱ་ནུན་གྱིས་སྔར་ལས་མང་བའི་སི་རི་ཡཱའི་ཡུལ་གྱར་བར་བཀོད་སྒྲིག་དང་རོགས་སྐྱོར་བྱེད་པའི་ནུས་པ་མེད་ཟེར།
པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་མན་སུའུ་ཨར་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་དང་ལེ་པཱ་ནུན་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། །