མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཆེ་ཨར་ནོའུ་པེ་ལེ་ཉིང་རྡུལ་ནུས་པའི་དོན་རྐྱེན་བྱུང་སར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-27 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་སྤྱི་ཟླ4བའི་ཚེས26ཉིན་ནི་ཆེ་ཨར་ནོའུ་པེ་ལེ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཉིང་རྡུལ་དུགས་རླངས་ཕྱིར་བཞུར་བའི་དོན་རྐྱེན་བྱུང་ནས་ལོ་ངོ27འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཉིན་དེར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་དོན་རྐྱེན་དེའི་ཁྲོད་གནོད་པ་ཐེབས་པའི་ས་ཁུལ་གྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཆེ་ཨར་ནོའུ་པེ་ལེ་ཉིང་རྡུལ་ནུས་པའི་དོན་རྐྱེན་བྱུང་ནས་ལོ་ངོ27འགོར་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔོན་ཆད་ཚེ་སྲོག་ལ་མ་འཛེམ་པར་དོན་རྐྱེན་ཐག་གཅོད་བྱས་པའི་རྒུད་སྐྱོབ་མི་སྣར་གུས་སེམས་བསྟན་པ་ཡིན། དོན་རྐྱེན་དེའི་ཁྲོད་མི330000རང་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་བ་དང་། མི་ས་ཡ་འགའ་ད་ལྟའི་བར་སྦགས་བཙོག་ཐེབས་པའི་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་ལ། འཕྲོ་འགྱེད་རང་བཞིན་གྱི་སྦགས་བཙོག་གནོད་པ་ཐེབས་པའི་སྐྱེས་ཕོ་མོ་རྒན་གཞོན་བགྲང་ལས་འདས་པ་ཡོད་པས། ཁོ་ཚོ་ཚང་མ་ང་ཚོས་བརྗེད་མི་རུང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཆེ་ཨར་ནོའུ་པེ་ལེ་ཉིང་རྡུལ་ནུས་པའི་དོན་རྐྱེན་གྱི་གནོད་པ་ཐེབས་པའི་མི་རྣམས་ཀྱིས་སྟོབས་དང་ལྡན་པའི་བཟོད་ནུས་མངོན་ཡང་། ཁོ་ཚོར་སྔར་བཞིན་རོགས་རམ་མཁོ་གལ་ཆེ། ཉིང་རྡུལ་ནུས་པའི་དོན་རྐྱེན་དེའི་གནོད་པ་ཐེབས་པའི་ས་ཁུལ་གྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱེད་པའི་སྐབས་སུ། ཕན་ཅི་བུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་གཏོང་ཕོད་ཆེན་པོས་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག