མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་སི་རི་ཡཱ་རུ་མཚོན་ཆ་སྐྱེལ་འདྲེན་བྱེད་མི་རུང་བའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་སྤྱི་ཟླ4བའི་ཚེས24ཉིན་པེ་རུ་ཐི་ནས་བསྟན་དོན། ལེ་པཱ་ནུན་གྱིས་སི་རི་ཡཱའི་གནད་དོན་ཐད་ནས་མུ་མཐུད་དུ་ཐེ་གཏོགས་མི་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལེ་པཱ་ནུན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་སི་རི་ཡཱ་རུ་མཚོན་ཆ་སྐྱེལ་འདྲེན་བྱེད་པ་དང་དྲག་ཆས་མི་སྣ་མངག་གཏོང་བྱེད་མི་རུང་བའི་འབོད་སྐུལ་བཏང་།

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། སུའུ་ལེ་མན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ཅཱ་ལོས་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ལེ་པཱ་ནུན་གྱིས་རང་གི་མངའ་ཁོངས་ནས་སི་རི་ཡཱ་རུ་མཚོན་ཆ་སྐྱེལ་འདྲེན་བྱེད་པ་དང་དྲག་ཆས་མི་སྣ་མངག་གཏོང་བྱེད་པར་ཆོག་མཆན་འགོད་མི་སྲིད་ལ། རང་གི་མངའ་ཁོངས་སུ་སྦྱོང་བརྡར་རྟེན་གཞི་འཛུགས་པར་ཡང་ངོ་རྒོལ་བྱེད་སྲིད་ཟེར། ཁོས་བསྟན་དོན། ལེ་པཱ་ནུན་གྱིས་དེ་ལྟར་བྱེད་པ་ནི་སི་རི་ཡཱའི་ལས་དོན་ལ་ཐེ་གཏོགས་མི་བྱེད་པའི་ལངས་ཕྱོགས་ལག་བསྟར་བྱས་པ་ཡིན་པར་མ་ཟད། ལེ་པཱ་ནུན་གྱི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ་གནས་བབ་ཟང་ཟིང་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཆེད་དུ་ཡང་ཡིན་ཟེར།

ལེ་པཱ་ནུན་དང་སི་རི་ཡཱའི་རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ330ཡོད་པ་དང་། མང་ཤོས་བགྲོད་ལམ་ཀྱག་ཀྱོག་གི་རི་ཁུལ་ཡིན་པས། ལེ་པཱ་ནུན་དང་སི་རི་ཡཱའི་ཕྱོགས་གཉིས་ཀྱིས་རྒྱལ་མཚམས་ལ་ཚོད་འཛིན་བཟང་བོ་བྱེད་ཐབས་མེད་ལ། ལེ་པཱ་ནུན་གྱི་མངའ་ཁོངས་ནས་སི་རི་ཡཱ་རུ་མཚོན་ཆ་ལྐོག་འཚོང་བྱེད་པ་དང་དྲག་ཆས་ཉེས་ཅན་ལྐོག་འགྲོས་བྱེད་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག