མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་ཕན་གྱིས་དམག་དོན་བྱེད་ཐབས་དེ་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་ཕན་པ་མེད་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ཅཱ་ལོས་ཀྱིས་སྤྱི་ཟླ4བའི་ཚེས24ཉིན་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། སི་ཕན་དང་ལེ་པཱ་ནུན་གྱིས་བལྟས་ན་དམག་དོན་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱས་ན་གྲུབ་འབྲས་ཅི་ཡང་ཡོད་མི་སྲིད་ལ། གནད་དོན་ཐག་གཅོད་བྱེད་པར་ཕན་པ་མེད་ཟེར།

མཱ་ཅཱ་ལོས་ཀྱིས་ཉིན་དེར་ལེ་པཱ་ནུན་ལྟ་སྐྱོང་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་མན་སུའུ་ཨར་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་ཏུང་གི་ཞི་བདེའི་འཕེལ་རིམ་དང་། སི་རི་ཡཱའི་ཉམས་ཉེན། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

མཱ་ཅཱ་ལོས་ཀྱིས་གྲོས་མོལ་བྱེད་སྐབས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སི་ཕན་གྱིས་བལྟས་ན། དམག་དོན་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་མཇུག་འབྲས་བཟང་བོ་འབྱུང་མི་སྲིད། དེ་ནི་སི་ཕན་གྱི་ལངས་ཕྱོགས་ཡིན་ལ། ཁོ་དང་མན་སུའུ་ཨར་གྱི་ཐུན་མོང་གི་ལྟ་ཚུལ་ཡང་ཡིན་ཟེར།

མཱ་ཅཱ་ལོས་ཀྱིས་བསྟན་དོན། སི་རི་ཡཱའི་པཱ་ཧྲ་ཨར་སྲིད་དབང་ལ་སྔར་བཞིན་སི་རི་ཡཱའི་མི་དམངས་དང་དམག་དཔུང་གི་རྒྱབ་སྐྱོར་ཐོབ་པར་དམིགས་ཏེ། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས། སི་ཕན་གྱིས་སི་རི་ཡཱའི་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་པའི་ཐབས་ལམ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་གནད་དོན་ཐད་ནས་མཱ་ཅཱ་ལོས་ཀྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་གནད་དོན་དེའི་ཐད་གྲོས་མཐུན་བྱུང་མེད་ལ། སི་ཕན་གྱི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་ནི་ཁོསི་ཐེངས་འདིར་ཀྲུང་ཏུང་ས་ཁུལ་གྱི་འགྲུལ་བཞུད་མཇུག་འབྲས་གཞིར་བཟུང་སྟེ་ཡང་བསྐྱར་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར།

མཱ་ཅཱ་ལོས་ཀྱིས་ཚེས23ཉིན་གྱི་དགོང་མོར་པེ་རུ་ཐི་ནས་ལེ་པཱ་ནུན་ལ་འཚམས་འདྲི་བྱས་པ་དང་། ཚེས24ཉིན་ཁོས་སོ་སོར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་། ཙུང་ལི་གསར་བ་སཱ་ལཱ་མུའུ་སོགས་དང་གྲོས་མོལ་བྱས་པར་མ་ཟད། ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་སྡོད་པའི་སི་ཕན་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་ལྟ་སྐོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག