མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་ཉིང་རྡུལ་མཚོན་ཆ་སྔོན་ལ་བེད་སྤྱོད་མི་བྱེད་པའི་ཁས་ལེན་བརྩི་སྲུང་བྱ་རྒྱུའི་བསྐྱར་བཤད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས22ཉིན་རེ་ནི་ཝར་ཀྲུང་གོའི་ཕྱི་འབྲེལ་པུའི་དམག་ཤུགས་ཚོད་འཛིན་སེའི་སེ་ཀྲན་ཕང་སེན་གྱིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དུས་ཚོད་གང་རུང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་སྔོན་ལ་ཉིང་རྡུལ་མཚོན་ཆ་བེད་སྤྱོད་མི་བྱེད་པའི་ཁས་ལེན་ལ་བརྩི་སྲུང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཕང་སེན་གྱིས་ཀྲུང་གོའི་སྲིད་གཞུང་གིས་རྒྱལ་སྤྱིའི་ཉིང་རྡུལ་དམག་ཤུགས་ཉུང་འཁྲིའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ཉིང་རྡུལ་མཚོན་ཆ་ཁྱོན་ཡོངས་ནས་བཀག་འགོག་བྱེད་པའམ་མེད་པ་བཟོ་བའི་འདོད་ཚུལ་འཛིན་གྱི་ཡོད་ལ། ཉིང་རྡུལ་མཚོན་ཆ་མེད་པའི་འཛམ་གླིང་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཉིང་རྡུལ་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཚད་གཞི་དམའ་ཤོས་ཐོག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཞན་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་མྱོང་མེད་ལ། ཉིང་རྡུལ་དམག་ཤུགས་འགྲན་བསྡུར་གང་འདྲ་ཞིག་ལའང་ཞུགས་རྒྱུ་མིན་ཞེས་གསུངས་ཡོད་པ་དང་།

ཕང་སེན་གྱིས་དེ་དང་དུས་མཚུངས་སུ། ཀྲུང་གོས་ཉིང་རྡུལ་ནུས་པ་ཞི་བའི་ངང་བེད་སྤྱོད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱི་དང་རང་ས་ཁུལ་གྱིས་ཉིང་རྡུལ་ནུས་པ་ཞི་བའི་ངང་བེད་སྤྱོད་བྱེད་པའི་བྱ་གཞག་གི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་དང་། དེ་དང་དུས་མཚུངས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལག་རྩལ་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་མ་ཟད་དེའི་ནང་ཧུར་ཐག་ཞུགས་ཀྱི་ཡོད་ཅེས་བསྟན་ཡོད་པ་དང་།

ཕང་སེན་གྱིས་ད་དུང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཐུན་མོང་ཐོག་ཁྱོན་ཡོངས་དང་། དོ་སྙོམས་ཀྱི་ཐོག་ནས་ཉིང་རྡུལ་མཚོན་ཆ་རྒྱ་ཁྱབ་དུ་མི་འགྲོ་བའི་ཆིངས་ཡིག་ལ་ཤུགས་སྣོན་རྒྱག་རྒྱུའི་ཉིང་རྡུལ་རྒྱ་ཁྱབ་ཏུ་འགྲོ་རྒྱུ་སྔོན་འགོག་བྱེད་པ་དང་། ཉིང་རྡུལ་དམག་ཤུགས་ཉུང་འཕྲིར་སྐུལ་འདེད་གཏོང་བ། ཉིང་རྡུལ་ནུས་པ་ཞི་བའི་ངང་བེད་སྤྱོད་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཀ་རྟེན་གསུམ་ལ་སྐུལ་འདེད་བཏང་ནས། འབད་བརྩོན་ཆེན་པོས་ཆིངས་ཡིག་གི་ཡོངས་ཁྱབ་རང་བཞིན་དང་། ཕན་ཡོད་རང་བཞིན། དབང་གྲགས་རང་བཞིན་བཅས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག