མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་མི་རྣམས་ཀྱིས་མ་ཡུམ་སའི་གོ་ལར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 11:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ4བའི་ཚེས22ཉིན་མི་དམངས་ཀྱིས་མ་ཡུམ་སའི་གོ་ལར་བརྩི་འཇོག་བྱེད་པའི་དམ་བཅའ་བསྐྱར་སྒྲོག་བྱས་ཏེ། མཉམ་དུ་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པར་མ་ཟད། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་ཉིན་རིམ་དེ་སའི་གོ་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་འབྱུང་བ་དང་། མིའི་རིགས་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བདུན་པས་ཉིན་དེར་རང་བྱུང་དང་འཆམ་མཐུན་མཉམ་གནས་བྱེད་ཅེས་པའི་གྲོས་གཞིའི་ཐད་ནས་གྲོས་ཚོགས་བསྡུས་ཏེ་འཛམ་གླིང་སའི་གོ་ལའི་ཉིན་མོར་རྗེས་དྲན་བྱས། ཕན་ཅི་བུན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཛམ་གླིང་སའི་གོ་ལའི་ཉིན་མོས་སའི་གོ་ལཱ་ནི་ཚེ་སྲོག་མཐའ་དག་གི་རྒྱབ་བརྟེན་ཡིན་པ་དྲན་སྐུལ་བྱེད་བཞིན་ཡོད་པས། མི་དམངས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་ཡང་བསྐྱར་རང་བྱུང་དང་འཆམ་མཐུན་མཉམ་གནས་བྱེད་པའི་ཐུན་མོང་འགན་འཁྲི་ལ་ཡང་བསྐྱར་ངོས་འཛིན་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། དེང་སྐབས་སའི་གོ་ལར་ནམ་ཟླའི་འགྱུར་ལྡོག་དང་། རང་བྱུང་ཐོན་ཁུངས་བར་མཚམས་མེད་པར་བེད་སྤྱོད་བྱས་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་པ། ཚོང་ལས་རང་བཞིན་གྱི་ཉ་འཛིན་ཚད་ཚད་ལས་འདས་པ་སོགས་འཇིགས་ཉེན་མང་བོ་གནས་ཡོད། མིའི་རིགས་ཀྱིས་སའི་གོ་ལར་འཇིགས་ཉེན་བཟོ་སྐབས་རང་ཉིད་ཀྱི་ཁྱིམ་གཞིས་ལ་གཏོར་བརླག་བྱས་པ་དང་མཚུངས་ཤིང་མ་འོངས་པའི་འཚོ་སྡོད་ལ་ཉེན་ཁ་བཟོས་པ་རེད་ཟེར། ཁོས་ད་རུང་བསྟན་དོན། མི་མང་བོ་གནད་དོན་དེར་ངེས་ཤེས་ཟབ་མོ་ཡོད་པ་དང་། སྟོབས་ལྡན་དུ་འགྱུར་བཞིན་པའི་སྟོབས་ཤུགས་ཤིག་ཏུ་འགྱུར་བཞིན་ཡོད་ལ། སྔར་ལས་མང་བའི་སྲིད་གཞུང་གིས་ཁོ་ཚོའི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྒྲར་ཉན་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།

ཕན་ཅི་བུན་གྱིས་ཚོགས་ཐོག་ནས་ད་རུང་ཀྲུང་གོའི་སི་ཁྲོན་ལུའུ་ཧྲན་ས་འགུལ་ཐད་ནས་བཤད་རྒྱུར། གནོད་འཚེའི་མདུན་ནས་ཀྲུང་གོའི་མི་དམངས་ཀྱིས་ཕུལ་དུ་བྱུང་བའི་མཐུན་སྒྲིལ་ནུས་པ་མངོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རོགས་སྐྱོར་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་མཐུན་སྦྱོར་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག