མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར1.23གྱི་མཚོན་ཆའི་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོའི་གྲོས་ཚོགས་ཚེས20ཡི་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཚོགས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ཡིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར1.23གྱི་གསོད་རྨས་རང་བཞིན་མིན་པའི་མཚོན་ཆའི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ཞོར་དུ་རྒྱལ་ཁབ་གཞན་པས་ཀྱང་ཁས་ལེན་བྱས་ཏེ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་རྒྱལ་སྤྱིའི་རོགས་སྐྱོར་འབོར་གྲངས་དེ་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ1ལ་བསླེབ་པར་བྱེད་དགོས་པའི་སྐུལ་མ་བཏང་།

ཁི་ལི་ཡིས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་གིས་རྒྱལ་སྤྱིའི་དམག་དོན་རོགས་སྐྱོར་ཚང་མ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཆེས་མཐོའི་དམག་དོན་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ། མཚོན་ཆ་དག་འཇིགས་སྐུལ་ཉེས་ཅན་གྱི་ལག་ཏུ་འཆོར་བར་སྔོན་འགོག་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཁོས་ད་རུང་བསྟན་དོན། སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོ་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱིས་སི་རི་ཡཱ་ནས་ཞི་བདེའི་བར་བརྒལ་བྱེད་པར་འཐད་པ་བྱུང་བ་དང་། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་བྱས་ཤིང་། མྱུར་དུ་བྱེད་ཐབས་སྤྱད་དེ་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་དགོས་པའི་རེ་བ་བཏོན་ཟེར།

ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཁཱ་ཐར། ཐུར་ཁེ་སོགས་རྒྱལ་ཁབ་བཅུ་གཅིག་གི་ཕྱི་འབྲེལ་བློན་ཆེན་ཐེངས་འདིའི་སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོའི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ལས་རི་ནེ་ཝ་ཡི་སྤྱི་སྒྲོག་གི་དགོངས་དོན་གཞིར་བཟུང་སྟེ། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་དགོས་པ་བསྐྱར་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག