མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་སྤྱི་ཟླ4བའི་ཚེས20ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ། པའོ་ཧྲི་ཏོན་གྱི་འཇིགས་སྐུལ་འགས་གཏོར་དོན་རྐྱེན་ཐད་ནས་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཕུའུ་ཅིན་གྱིས་ཁ་པར་ནང་པའོ་ཧྲི་ཏོན་གྱི་མཱ་ལཱ་སུང་འགྲན་རྒྱུག་སྐབས་བྱུང་བའི་འཇིགས་སྐུལ་དོན་རྐྱེན་ཐད་ནས་ཡང་བསྐྱར་འཚམས་འདྲི་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཁྱབ་ཁོངས་ནས་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཁང་གི་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། མིག་སྔར་འགས་གཏོར་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན་གྱི་གནས་ཚུལ་གང་མང་སྒྲོག་བཞིན་པར་དམིགས་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་ད་རུང་དཔྱད་ཞིབ་བྱེད་བཞིན་ཡོད་ཟེར། ཕུའུ་ཅིན་གྱིས་ཨོ་པཱ་མཱ་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དགོས་གལ་ཆེ་བའི་སྐབས་སུ་རྟོག་ཞིབ་ཐད་རོགས་སྐྱོར་གང་རུང་བྱེད་རྒྱུ་ཡིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། རྟོག་ཞིབ་ཀྱི་མཇུག་འབྲས་ཇེ་གསལ་དུ་སོང་བ་དང་བསྟུན་ནས། ཨུ་རུ་སི་དང་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་གསང་འཕྲིན་ལས་ཁུངས་ཀྱི་མི་སྣ་ཞིག་གིས་བཤད་རྒྱུར། དོགས་ཡོད་ཉེས་ཅན་དེ་གཉིས་ཨུ་རུ་སི་ནས་འཚོ་སྡོད་བྱས་མ་མྱོང་སྟབས། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་ལ་དོགས་ཡོད་ཉེས་ཅན་གྱི་གནས་ཚུལ་ཞིབ་རྒྱས་འདོན་སྤྲོད་བྱེད་ཐབས་མེད། ཡིན་ན་ཡང་ཕྱོགས་གཉིས་ཀྱིས་དོན་དེར་རྟོག་ཞིབ་བྱེད་པའི་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག