མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧ་སག་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་སྨུག་སྤྲིན་ཁྲོད་སར་ལྷུང་ནས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:09

1.jpg

  2013ལོའི་ཟླ1པོའི་ཚེས29ཡི་ཉིན། ཧ་སག་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་སྨུག་སྤྲིན་ཁྲོད་སར་ལྷུང་བའི་དོན་རྐྱེན་གྱི་དཔེ་མཚོན་རི་མོ།

2.jpg

  འདི་ནི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཟླ1པོའི་ཚེས29ཡི་ཉིན་ཧ་སག་སི་ཐན་གྱི་ཨ་ལཱ་མུའུ་ཐུའུ་ནས་པར་བླངས་པའི་གནམ་གྲུ་སར་ལྷུང་སའི་ཡུལ་གནས་རྣམ་པ་རེད།

3.jpg

སྤྱི་ཟླ1པོའི་ཚེས29ཡི་ཉིན། བདེན་འཇགས་མི་སྣས་ཧཱ་སག་སི་ཐན་གྱི་ཨ་ལཱ་མུའུ་ཐུའུ་ཡི་གནམ་གྲུ་སར་ལྷུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧ་སག་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་སྤྱི་ཟླ1པོའི་ཚེས29ཉིན་སྨུག་སྤྲིན་ཁྲོད་ནས་ཨ་ལཱ་མུའུ་ཐུའུ་གྲོང་ཁྱེར་གྱི་གནམ་གྲུ་ཐང་དུ་འབབ་རྩིས་བྱེད་སྐབས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི21རྐྱེན་ལམ་དུ་ཤོར་ཟེར།

  སར་ལྷུང་བ་ནི་ཕང་ཁཱ་ཏིས་ཀུང་ཟིའི་འགྲན་རྩོད་མཁན2000རྟགས་ཅན་གྱི་གནམ་གྲུ་ཞིག་ཡིན་པ་དང་། སྐབས་དེར་ཁི་ཁི་ཧྲི་ཐའོ་ནས་ཨ་ལཱ་མུའུ་ཐུའུ་རུ་འཕུར་བཞིན་ཡོད། ཨ་ལཱ་མུའུ་ཐུའུ་རུ་ཉིན་དེར་སྨུག་པས་གཡོགས་ནས་མཐོང་ལམ་བཀག་ཡོད་པའི་དབང་གིས་གནམ་གྲུ་སར་འབབ་རྩིས་བྱེད་སྐབས་རྒྱུག་ལམ་དང་བར་ཐག་སྤྱི་ལེ་གཅིག་ལྷག་ཡོད་པའི་གནས་སུ་ས་ངོས་དང་ཐོབ་བརྒྱབ་སྟེ། གནམ་གྲུའི་གཤོག་པ་དུམ་བུ་འགར་ཆག་པ་རེད། སར་ལྷུང་བའི་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ5དང་འགྲུལ་བ16པོ་ཚང་མ་རྐྱེན་ལམ་དུ་ཤོར།

  གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གནམ་གྲུ་སར་ལྷུང་སར་གནམ་གྲུའི་ཆག་རོ་དང་ཤི་བོའི་བེམ་པོས་བཀང་ཡོད་ལ། མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར་བཅུ་ཕྲག་འགའ་རྒུད་སྐྱོབ་བྱེད་པར་ཐོན་ཡོད། ཉེན་རྟོག་པས་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས་ཡོད་པ་དང་། གནམ་གྲུ་ཐང་་གི་རྒྱུག་ལམ་ལ་གནོད་པ་ཐེབས་མེད་པར་གནམ་གྲུ་གཞན་པའི་འཕུར་འབབ་རྒྱུན་ལྡན་ཡིན་ཟེར།

  ཧཱ་སག་སི་ཐན་སྲིད་གཞུང་གིས་ཙུང་ལི་གཞོན་པ་དང་པོ་དང་ས་གནས་འཕེལ་རྒྱས་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་སཱ་ཅིན་ཐཱ་ཡེ་ཧྥུའུ་དང་འཕྲལ་སྒྲུབ་གནས་ཚུལ་པུའུ་ཀྲང་པོ་རི་ཁི་སོགས་ཀྱིས་གྲུབ་པའི་དོན་རྐྱེན་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ནང་སྲིད་པུའུ་དང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་། འཕྲལ་སྒྲུབ་གནས་ཚུལ་པུའུ། དེ་མིན་སྤྱིའི་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་མི་སྣ་སོགས་ཀྱང་དོན་རྐྱེན་བྱུང་སར་སོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག