མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡེ་མིན་ནས་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་དམག་མི11རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་དཔོན་རིགས་ཀྱིས་ཚེས28ཉིན་གྱི་དགོང་མོར་བཤད་རྒྱུར། ཡེ་མིན་ཤར་ལྷོ་ཕྱོགས་ཀྱི་པེ་ཏཱ་ཞིང་ཆེན་གྱི་དམག་དོན་ཞིབ་བཤེར་ས་ཚིགས་གཉིས་ལ་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སྲིད་གཞུང་གི་དམག་མི11རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

པེ་ཏཱ་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་བདེ་འཇགས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། པེ་ཏཱ་ཞིང་ཆེན་གྱི་ལཱ་ཏཱ་གྲོང་རྡལ་གྱི་དམག་དོན་ཞིབ་བཤེར་ས་ཚིགས་གཉིས་ལ་ཚེས28ཉིན་གྱི་དགོང་མོར་བསྟུད་མར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་མཁན་གྱིས་འགད་རྫས་གང་དྲུད་པའི་རླངས་འཁོར་བསྐོར་ནས་ཞིབ་བཤེར་ས་ཚིགས་ནང་དུ་ཐོན་རྗེས་འགས་གཏོར་བཏང་བ་རེད། བསྡོམས་པས་སྲིད་གཞུང་གི་དམག་མི11རྐྱེན་ལམ་དུ་ཤོར་བ་དང་། མི13ལ་རྨས་ཕོག འཇབ་རྒོལ་མཁན་ཡང་ཤི་ཟེར།

དཔོན་པོ་དེས་བཤད་རྒྱུར། དམག་མི་མང་བོའི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་པས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར། ཁོས་བཤད་རྒྱུར། འགས་གཏོར་མ་བྱུང་གོང་། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ལཱ་ཏཱ་གྲོང་རྡལ་དང་དེའི་ཉེ་འགྲམ་གྱི་རྟེན་གཞིའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་ཕར་རྒོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པས། ཐེངས་འདིའི་འཇབ་རྒོལ་དེ་རྟེན་གཞི་རྩ་འཛུགས་ཀྱིས་བཟོས་པ་ཡིན་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག