མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའུ་ཏན་ཏའར་ཕུའར་དུ་སྐྱོད་མཁན་རང་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟེངས་རྟགས”ཐོབ་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-27 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་1ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་ཏའར་ཕུའར་དུ་སྐྱོད་མཁན་ཀྲུང་གོའི་ཁག་བདུན་པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་རུ་ཆེན་གྱི་དཔོན་དམག་315ལ“ཞི་བདེའི་གཟེངས་རྟགས”སྤྲད་པ་དང་འབྲེལ་རུ་ཆེན་དེར་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་དཔུང་སྡེའི“ལེགས་སྐྱེས་མངོན་གསལ་དོད་པའི་བྱ་དགའ”སྤྲད་ནས་ཁོང་ཚོས་སུའུ་ཏན་དུ་ཞི་བདེའི་ལས་འགན་སྒྲུབ་རིང་གཟེངས་སུ་ཐོན་པའི་གྲུབ་འབྲས་བཏོད་པར་གཟེངས་བསྟོད་བྱས་པ་རེད།

“ཞི་བདེའི་གཟེངས་རྟགས”ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ལས་དོན་པར་གཟེངས་བསྟོད་བྱ་ཆེད་བཟོས་པའི་དམིགས་བསལ་གྱི་བྱས་རྗེས་གཟེངས་རྟགས་ཤིག་ཡིན་པ་དང་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལས་འགན་འཁུར་ཁུལ་གྱི་ཞི་བདེ་སྲུང་སྐྱོང་ལས་དོན་པར་སྤྲད་པའི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཡིན་པ་དེ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རུ་ཆེན་གྱི་དཔོན་དམག་315ཡི་ཁྲོད་མི་76ལ་ཐེངས་གཉིས་དང་མི་27ལ་ཐེངས་གསུམ་ཐོབ་པ་རེད།

སུའུ་ཏན་ཏའར་ཕུའར་དུ་སྐྱོད་མཁན་ཀྲུང་གོའི་ཁག་བདུན་པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་རུ་ཆེན་གྱི་དཔོན་དམག་དེ་དག་གཙོ་བོ་ཅིས་ནན་དམག་ཁུལ་ཁང་གི་གོ་ཁྲབ་ལུའི་ཞིག་དང་པེ་ཅིང་དམག་ཁུལ་ཁང་ཆུ་མཁོ་སྤྲོད་བཟོ་སྐྲུན་ཚོགས་པ་ནས་ཡོང་བ་དང་དེ་ནི་ལྷོ་ཏའར་ཕུའར་ས་ཁུལ་དུ་བཅའ་སྡོད་བྱེད་མཁན་གྱི་བཟོ་སྐྲུན་དམག་ཡན་ལག་རུ་ཁག་འབའ་ཞིག་དེ་རེད།2012ལོའི་ཟླ་7པར་ལས་འགན་བཀོད་སྒྲིག་བྱས་ཚུན་ཁོང་ཚོས་དམག་རྒྱག་ཁུལ་གྱི་སྲིད་འཛིན་གཞུང་དོན་ཁང་འཛུགས་སྐྲུན་དང་།བར་བརྒལ་དམག་སྒར་གནས་སྤོ།རྒྱལ་ཁབ་མང་པོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་སྒར་སའི་འགོག་སྲུང་འཛིང་རགས་བསྐྲུན་པ།ཁྲོན་པ་གསོར་འབིགས་རྩད་ཞིབ་བྱེད་པ།ཀྲུང་སུའུ་མཛའ་གྲོགས་སློབ་ཆུང་རྒྱས་སྐྲུན་བྱེད་པ་སོགས་ལས་གྲྭའི་རྣམ་གྲངས་20ལྷག་ཙམ་སྐྲུན་པའི་ལས་འགན་སྔ་རྗེས་སུ་ལེགས་སྒྲུབ་བྱས་པར་ལས་གྲྭའི་རྣམ་གྲངས་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ལས་གྲྭའི་སྤུས་ཚད་སྤུས་དག་གི་ལག་ཁྱེར”རག་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་དང་ཏའར་ཕུའར་དུ་བཅའ་སྡོད་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་བསྐོས་ཚོགས་པའི་ཁས་ལེན་མགྲིན་གཅིག་ཏུ་ཐོབ་པ་རེད།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག