མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ད་ལོར་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར14བཀོལ་ནས་ཉམས་ཉེན་གྱི་གནོད་པ་ཐེབས་པའི་བྱིས་པར་རོགས་སྐྱོར་བྱེད་དགོས་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས25ཉིན་རི་ནེ་ཝ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར14ཞལ་འདེབས་མ་དངུལ་བསྡུས་ཏེ། ལས་ཁུངས་དེས་ད་ལོར་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཉམས་ཉེན་གྱི་འཇིགས་ཉེན་ཐེབས་པའི་བྱིས་པར་རོགས་སྐྱོར་བྱེད་པའི་ནུས་པ་ལྡན་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་རི་ནེ་ཝའི་བན་གོ་ཕ་བྲང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་བྲེལ་མྱུར་འཆར་གཞིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁྲེ་པན་གྱིས་བསྟན་དོན། འཐབ་འཁྲུག་དང་རང་བྱུང་གནོད་འཚེ་གང་ཡིན་ཡང་། བྱིས་པ་ནི་ཆེས་གནོད་པ་ཐེབས་སླ་བའི་མི་ཚོགས་ཡིན་པ་དང་། དུས་རྒྱུན་ནད་ཡམས་དང་ལྟོགས་སྐོམ། དྲག་ཤུགས། བཤུ་གཞོག་བཅས་ཀྱི་གནོད་པ་མྱོང་བཞིན་ཡོད། ད་ལོའི་ཟླ་དང་པོར་སི་རི་ཡཱའི་བྱིས་པ་ས་ཡ་འགས་རྒྱལ་ནང་དུ་འཐབ་འཁྲུག་གི་གནོད་པ་མྱོང་བ་དང་ཡང་ན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཡུལ་གྱར་བའི་སྒར་སར་དཀའ་སྡུག་གིས་འཚོ་བ་སྐྱེལ་བཞིན་ཡོད། མཱ་ལི་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་བ་ལས་ཀྱང་བུད་མེད་དང་བྱིས་པའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་བཞིན་ཡོད་ཟེར།

ཁྲེ་པན་གྱིས་བསྟན་དོན། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བསྡུ་རྒྱུ་ཡིན་པའི་ཞལ་འདེབས་མ་དངུལ་དེས་འཐབ་འཁྲུག་དང་རང་བྱུང་གནོད་འཚེ་ཡི་གནོད་པ་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་ཞེ་ལྔ་ལྷག་ལ་ཕན་པ་འབྱུང་སྲིད་པ་དང་། རྒྱལ་ཁབ་དང་ས་ཁུལ་དེ་དག་གིས་ཉེན་ཁ་སེལ་བར་རོགས་རམ་བྱས་ཏེ། བྱིས་པའི་བདེ་འཇགས་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག