མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་དབྱི་རག་ཏུ་ཉེ་སྔོན་འཇིགས་སྐུལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་བར་རྒོལ་གཏམ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས25ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉེ་སྔོན་དབྱི་རག་ནས་བྱུང་བའི་འཇིགས་སྐུལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་སྣ་ཚོགས་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་དག་ལས་མི་བརྒྱ་ཕྲག་འགའ་ལ་ཤི་རྨས་བཟོས་པ་དང་། ཕན་ཅི་བུན་གྱིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཕན་ཅི་བུན་གྱིས་ད་རུང་ཉིན་དེར་དབྱི་རག་དབུས་ཕྱོགས་ཀྱི་ཧྥེ་ལུའུ་ཅེ་ནས་བྱུང་བའི་རྔམ་སྟོན་ཁྲོམ་སྐོར་མཁན་ལ་ཤི་རྨས་ཐེབས་པའི་དོན་རྐྱེན་ལ་ཡིད་འཕང་བའི་ཚུལ་བསྟན། ཁོས་ཕྱོགས་སོ་སོས་ཞི་བའི་འདུ་ཚོགས་ཀྱི་དབང་ཆར་ཁས་ལེན་བྱེད་པའི་ཞོར་དུ་ཚད་ཆེན་པོའི་སྒོ་ནས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་གསལ་སྒྲོག་ནང་དབྱི་རག་གི་ཆབ་སྲིད་མགོ་ཁྲིད་པ་དང་གྲོས་ཁང་གི་འཐུས་མིས་བཟོད་སྒོམ་ལྡན་ཞིང་ཁྱབ་རྒྱ་ཆེ་བའི་གྲོས་མོལ་ཞིག་སྤེལ་བར་འབད་བརྩོན་བྱས་ཏེ་རྒྱལ་ཁབ་དེའི་མཐུན་སྒྲིལ་དང་བདེ་འཇགས་ཇེ་དྲག་ཏུ་གཏོང་དགོས་པར་ཡང་བསྐྱར་འབོད་སྐུལ་བཏང་། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་བྱ་བར་བརྟེན་ནས། མུ་མཐུད་དུ་དབྱི་རག་སྲིད་གཞུང་དང་མི་དམངས་ཀྱིས་ཞི་བདེ་དང་དམངས་གཙོ། དར་རྒྱས་བཅས་ཀྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་གནས་བབ་ཉེ་སྔོན་ཟང་ཟིང་དུ་གྱུར་བ་དང་། དྲག་ཤུགས་བྱ་འགུལ་སྔར་ལས་ཚབས་ཆེན་དུ་འགྱུར་བའི་སྣང་ཚུལ་བྱུང་ཡོད་ཟེར། ཟླ་འདིའི་ཚེས་ཉེར་གཉིས་ཉིན་དང་ཚེས་ཉེར་གསུམ་ཉིན། དབྱི་རག་ལྷོ་ཕྱོགས་ཀྱི་པཱ་པུས་ལོན་ཞིང་ཆེན་དང་རྒྱལ་ས་པཱ་ཀི་ཏཱ་དང་དེའི་ཉེ་འཁོར་ས་ཁུལ། བྱང་ཕྱོགས་ཀྱི་གྲོང་ཁྱེར་ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་སོགས་ས་ཁུལ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་དང་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་།

དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་དང་སྲིད་གཞུང་གི་བདེ་འཇགས་དམག་དཔུང་བར་ཉིན་དེར་དབྱི་རག་དབུས་ཕྱོགས་ཀྱི་ཧྥེ་ལུའུ་ཅེ་ནས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་ལྔར་རྨས་ཕོག་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག