མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུ་དང་ཨ་རི། ལྷོ་ཁོ་རེ་ཡ། ལྗར་པན། ཀྲུང་གོ་བཅས་རྒྱལ་ཁབ་ལྔས་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་གནད་དོན་ཐད་ལན་ཆ་བྱས་པ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-26 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་ཚེས23ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱང་ཁོ་རེ་ཡས་སྲུང་སྐར་འཕེན་གཏོང་བྱས་པའི་གནད་དོན་ལ་གཅིག་གྱུར་གྲོས་འཆམ་བྱུང་རྗེས་བྱང་ཁོ་རེ་ཡའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་24ཉིན་གསལ་བསྒྲགས་སྤེལ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱང་ཁོ་རེ་ཡ་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ལ་རྒོལ་གཏམ་བཏང་བ་དང་། སླད་ཕྱིན་ཆུ་ཚད་དེ་བས་མཐོ་བའི་ཉིང་རྡུལ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། ཨུ་རུ་སུ་དང་ཨ་རི། ལྷོ་ཁོ་རེ་ཡ། ལྗར་པན། ཀྲུང་གོ་བཅས་ནས་ཁོ་རེ་ཡ་གླིང་ཕྲན་ཕྱེ་མའི་གནད་དོན་ཐད་ལན་ཆ་བྱས་ཡོད་པ་རེད།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཅ་ཅི་ལོ་ཧྥུས་སྤྱི་ཚེས་24ཉིན། བྱང་ཁོ་རེ་ཡས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱང་ཁོ་རེ་ཡ་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ཐད་བྱས་པའི་ལན་ཆར་ཨུ་རུ་སུ་བློ་ཕམ་པོ་བྱུང་། ཨུ་རུ་སུས། བྱང་ཁོ་རེ་ཡས་སྲུང་སྐར་འཕེན་གཏོང་བྱས་པ་དེས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་གཏོར་བཤིག་བཏང་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུས་བྱང་ཁོ་རེ་ཡས་དབྱེ་འབྱེད་གྲོས་མོལ་གྱི་ལམ་བུའི་ཐོག་ལོག་རྒྱུའི་རེ་འབོད་བྱ་རྒྱུ་ཡིན། རྒྱུ་མཚན་ནི་དེ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་དེ་རེད་ཅེས་གསུངས་ཡོད་པ་རེད།

ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་བཞིན་པའི་ཨ་རིའི་བྱང་ཁོ་རེ་ཡའི་སྲིད་ཇུས་ཀྱི་དམིགས་བསལ་སྐུ་ཚབ་ཏ་ཝེ་སེས་སྤྱི་ཚེས་24ཉིན་ཧྲུའུ་འར་རུ། ཨ་རིས་སྔར་བཞིན་9པའི་ཚེས་19གི་ཐུན་མོང་གསལ་བསྒྲགས་ལག་བསྟར་བྱེད་ཆེད་གཞུང་དྲང་དང་ཡིད་རྟོན་རུང་བའི་དབྱེ་འབྱེད་གྲོས་མོལ་བྱེད་འདོད་ཡོད་པ་དང་། བྱང་ཁོ་རེ་ཡས་གལ་ཏེ་ཉིང་རྡུལ་ཚོད་ལྟ་བྱས་པ་ཡིན་ན་དེ་ནི་ནོར་འཁྲུལ་ཞིག་རེད་ཅེས་བསྟན་ཡོད་པ་རེད།

ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་ཚོང་དོན་པུའི་མགྲིན་ཚབ་པ་ཀྲའོ་ཐད་ཡུང་གིས་སྤྱི་ཚེས་24ཉིན་གྱི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག བྱང་ཁོ་རེ་ཡས་སླད་ཕྱིན་ཨ་རིར་དམིགས་པའི་ཆུ་ཚད་མཐོ་བའི་ཉིང་རྡུལ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན་པ་དེ་ནི་བློ་ཕམ་བྱེད་དགོས་པ་ཞིག་རེད། ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་བྱང་ཁོ་རེ་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐ་ཚིག་ལ་ཉན་ནས་ཉིང་རྡུལ་ཚོད་ལྟ་ཚུད་པའི་བསྐྱར་སྣོན་རང་བཞིན་གྱི་འཁྲུག་རྩོད་སློང་བའི་བྱ་སྤྱོད་མི་སྤེལ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱིས་སྤྱི་ཚེས་23ཉིན་གཏམ་བཤད་སྤེལ་ནས། ལྗར་པན་གྱིས་བྱང་ཁོ་རེ་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བཏང་བའི་འགྱུར་མེད་ཆ་འཕྲིན་ལ་དོ་ནན་གྱི་རྣམ་འགྱུར་འཛིན་དགོས་པ་དང་། གཞུང་དྲང་དང་ཆ་ཚང་བའི་སྒོ་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་རབ་དང་རིམ་པ་ལག་བསྟར་བྱེད་པ་ལས། ཡང་བསྐྱར་སྲུང་སྐར་འཕེན་གཏོང་དང་ཉིང་རྡུལ་ཚོད་ལྟ་ཚུད་པའི་འཁྲུག་རྩོད་སློང་བའི་བྱ་སྤྱོད་མི་སྤེལ་རྒྱུའི་རེ་བ་དྲག་པོ་འདོན་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས་24ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་དང་གླིང་ཕྲན་ཕྱེད་མའི་ཉིང་རྡུལ་མེད་པ་ཅན་མངོན་འགྱུར་བྱ་རྒྱུ་དེ་ནི་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་འཚམ་ཀྱི་ཡོད། མིག་སྔའི་གླིང་ཕྲན་ཕྱེད་མའི་དུས་བབ་རྙོག་འཛིང་ཆེ་བ་ཚོར་སྣང་རྐྱེན་པས། ཀྲུང་གོའི་ཕྱོགས་ནས་འབྲེལ་ཡོད་ཕྱོགས་ཁག་གིས་སྒལ་བརླིང་གི་རྣམ་འགྱུར་ཐོག་ནས་གཏམ་སྤྱོད་གང་ལ་གཟབ་ནན་བྱེད་པ་ལས་ས་ཁུལ་གྱི་དུས་བབ་ཛ་དྲག་དུ་གཏོང་བའི་བྱ་སྤྱོད་མི་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་དང་།

ཧུང་ལེས། ཀྲུང་གོའི་ཕྱོགས་ནས་ཕྱོགས་དྲུག་གྲོས་མོལ་དེ་ནི་འབྲེལ་ཡོད་དམིགས་འབེན་མངོན་འགྱུར་ཡོང་བའི་ནུས་ལྡན་བྱ་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་ཕྱོགས་དྲུག་གྲོས་མོལ་གྱི་སྒྲོམ་གཞིའི་འོག་འབྲེལ་གཏུག་ལ་ཤུགས་སྣོན་དང་ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ། འབྲེལ་བ་ལེགས་སུ་གཏོང་བ། འགལ་ཟླ་མེད་པ་བཟོ་བ་བཅས་བྱེད་དགོས་པ་དང་། ཁྱོན་ཡོངས་དང་དོ་སྙོམས་ཀྱིས་ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ། ༩པའི་ཚེས་༡༩ཡི་ཐུན་མོང་གསལ་བསྒྲགས་ནང་གཏན་འབེབས་བྱས་པའི་དམིགས་འབེན་ཁག་དོན་འཁྱོལ་ཏན་ཏིག་བྱས་ནས་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཉིང་རྡུལ་མེད་པའི་འཕེན་རིམ་ལ་སྐུལ་འདེད་གཏོང་དགོས་པ་དང་། མཉམ་དུ་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དམིགས་འབེན་དེ་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག