པཱ་ཞིའི་གནམ་གྲུ་ཆུང་བ་ཞིག་ཡཱ་མཱ་སུང་ས་ཁུལ་ནས་སར་ལྷུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནམ་གྲུ་ཆུང་བ་ཞིག་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་པཱ་ཞིའི་ནུབ་བྱང་ཕྱོགས་ཀྱི་ཡཱ་མཱ་སུང་མངའ་སྡེ་ནས་སར་ལྷུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡཱ་མཱ་སུང་མངའ་སྡེའི་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འགྲུལ་བ་བཅུ་གཉིས་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཉིས་ཡོད་པའི་གནམ་གྲུ་དེ་ཡཱ་མཱ་སུང་མངའ་སྡེའི་མཱ་ནོའུ་སི་ནས་གནས་སྐོར་གྱི་གྲོང་ཁྱེར་པཱ་སེ་ལོ་སི་རུ་འཕུར་བའི་ལམ་བར་ནས་སར་ལྷུང་བ་རེད། ཡཱ་མཱ་སུང་མངའ་སྡེའི་མགོ་བ་ལེ་མཱ་ཡིས་བཤད་རྒྱུར། གནམ་གྲུའི་སྟེང་གི་འགྲུལ་བ་ནི་པཱ་ཞིའི་ཉ་འཛིན་ལ་མོས་པ་ཡོད་པའི་མི་འགའ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གནམ་གྲུ་དེ་མཱ་ནོའུ་སི་མཁའ་འགྲུལ་གླ་གཏོང་ཀུང་ཟིར་གཏོགས་པ་དང་། ཆེས་མང་ན་མི་བཅོ་བརྒྱད་བསྡད་ཆོག་པ་རེད།

པཱ་ཞིའི་མཁའ་དམག་གིས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། ས་དེའི་སྡོད་དམངས་ཀྱིས་བལྟས་ན། དོན་རྐྱེན་བྱུང་སའི་ནམ་ཟླ་མི་བཟང་བས་གནམ་གྲུ་སར་ལྷུང་བ་ཡིན་ངེས་རེད་ཟེར།

པཱ་སེ་ལོ་སི་ནི་ཡཱ་མཱ་སུང་ཆར་ལྡན་ནགས་ཚལ་གྱི་གསེབ་ཏུ་ཡོད་པ་དང་། པཱ་ཞིའི་གནས་སྐོར་དང་ཉ་འཛིན་གྱི་ཡུལ་གཙོ་བོ་ཞིག་ཡིན་ལ། ལོ་རེའི་ཟླ་དགུ་བ་ནས་ཕྱི་ལོའི་ཟླ་གཉིས་པའི་བར་གྲོང་ཁྱེར་དེའི་གནས་སྐོར་ལས་རིགས་ཧ་ཅང་དར་བ་ཡིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།