ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་དམག་དོན་སྒྲིག་ཆས་དང་། དམག་བཀོལ་གནམ་གྲུ་ཐང་། མི་བསྡད་མེད་པའི་གྲུ་གཟིངས་བཟོ་གྲྭ་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ། ཝུའུ་ཁི་ལན་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུ་མང་བོ་གཏོར་བར་མ་ཟད། ཧེ་མཱ་སི་ཞེས་པའི་མེ་ཤུགས་འཕུར་མདའ་མང་བོ་བཀག་ཡོད་ཟེར། དེ་ལས་གཞན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་གྱི་ཞོགས་གཔར་ཁི་ལི་མུས་ཡཱའི་བར་སྣང་ནས་ཝུའུ་ཁི་ལན་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུ་བཞི་གཏོར་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་པཱ་ཧི་མུའུ་ཐི་དང་། མཱ་ལིན་ཁཱ་སོགས་ཀྱི་ཕྱོགས་ནས་ཨུ་རུ་སིའི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ། ཨུ་རུ་སིའི་དམག་དཔུང་གི་བཀོད་འདོམ་ཁང་དང་། མི་སྣ། སྒྲིག་ཆས་སོགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པར་མ་ཟད། ཨུ་རུ་སིའི་དམག་དཔུང་གི་འཕུར་མདའི་མ་ལག་ལ་ཆམ་ཕབ་བཏང་ཡོད་ཟེར།
དེ་ལས་གཞན་ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཏན་ནེ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ལ་ཉེ་སྔོན་ཨ་མེ་རི་ཁས་འདོན་སྤྲོད་བྱས་པའི་ཨེ་པུའུ་ལཱ་མུའུ་སི་རྟགས་ཅན་གྱི་ཐན་ཁི་འཁོར་ལོ་སྐོར་ཞིག་འབྱོར་ཡོད་ཟེར། ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་ཉེ་སྔོན་བཤད་རྒྱུར། འཇར་མན་གྱི་ཚད་རྡུལ་མ་ལག་ཀུང་ཟི་ནས་དེའི་སྔོན་མངག་ཉོ་བྱས་པའི་མི་བསྡད་མེད་པའི་གནམ་གྲུ་བརྒྱ་འབྱོར་སྲིད་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཨུ་རུ་སི་ཡིས་ཝུའུ་ཁི་ལན་དམག་དཔུང་གི་སྒྲིག་ཆས་ལ་ཆམ་ཕབ་བཏང་བའི་ཚུལ་བསྟན།