ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་བྱེད་པའི་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱི་མི་སྣས་ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེ་ནས་སྤེལ་བའི་འཇབ་རྒོལ་ཐེངས་གསུམ་པ་མཐར་སྐྲོད་བཏང་ནས། ཝུའུ་ཁི་ལན་ཕྱོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་གྱི་གཡོ་ཇུས་ཕམ་ཉེས་སུ་བཏང་། འཇར་མན་གྱི་ཕྱི་འབྲེལ་པུའུ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། འཇར་མན་གྱིས་ཨུ་རུ་སི་ཡིས་ད་ལོའི་ལོ་མཇུག་གི་སྔོན་ལ་འཇར་མན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལྔའི་ཁྲོད་ཀྱི་བཞི་སྒོ་བརྒྱག་དགོས་པའི་རེ་བ་བཏོན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བྱ་སྤྱོད་དེས་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་འཇར་མན་གྱི་འབྲེལ་བར་གཏོར་བརླག་ཐེབས་སྲིད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པའི་དུས་ཚོད་གསུམ་སྟེང་། ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེའི་དམངས་སྤྱོད་སྒྲིག་ཆས་ལ་མེ་སྒྱོགས་ཀྱི་གཅིག་བསྡུས་འཇབ་རྒོལ་ཐེབས་རྗེས། འཕྲུལ་རྟ་ཅན་གྱི་རྐང་དམག་ལྡིང་ཤོག་གཉིས་ཡོད་པའི་ཝུའུ་ཁི་ལན་གྱི་མི་སྣས་ཐན་ཁི་འཁོར་ལོའི་རོགས་འདེགས་འོག་མངའ་སྡེ་དེར་དཔུང་འཇུག་བྱེད་རྩིས་བྱས། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་དང་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཁོངས་སུ་གཏོགས་པའི་མཐའ་སྲུང་དང་སྡེ་ཁག་གཞན་པས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས། ཝུའུ་ཁི་ལན་གྱི་མི་སྣས་མངའ་སྡེ་དེའི་ཧྲི་པེ་ཅི་ནོའུ་ཕྱོགས་ནས་སྤེལ་བའི་འཇབ་རྒོལ་ཐེངས་གསུམ་པ་མཐར་སྐྲོད་བཏང་ནས། ཝུའུ་ཁི་ལན་ཕྱོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད་ཟེར།

འཇར་མན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པུའུ་ཀི་ཨར་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཇར་མན་གྱིས་ཨུ་རུ་སི་ཡིས་ད་ལོའི་ལོ་མཇུག་གི་སྔོན་ལ་འཇར་མན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལྔའི་ཁྲོད་ཀྱི་བཞི་སྒོ་བརྒྱག་དགོས་པ་དང་། བྱ་སྤྱོད་དེ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་ཨུ་རུ་སིར་སྡོད་པའི་འཇར་མན་གྱི་ཕྱི་འབྲེལ་དཔོན་པོའི་ཁ་གྲངས་ལ་ཚོད་འཛིན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་རྒོལ་ལན་རེད། མིག་སྔར། ཨུ་རུ་སི་ཡིས་འཇར་མན་གྱི་ལའེ་པུས་ཞེ་དང་པའོ་ཨིན། ཧྥ་ལན་ཁི་ཧྥུའུ། ཧན་པའོ། མུའུ་ནེ་ཧེ་བཅས་སུ་གཞུང་ཚབ་ཁང་བཙུགས་ཡོད། པུའུ་ཀི་ཨར་གྱིས་ད་རུང་བསྟན་དོན། འཇར་མན་གྱིས་ཀྱང་ཨུ་རུ་སི་ན་ཡོད་པའི་ཕྱི་འབྲེལ་མི་སྣའི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལ། བྱེ་བྲག་གི་བྱེད་ཐབས་ལ་ཟླ་བཅུ་གཅིག་པར་ཅཱ་ལི་ཉིང་ཀི་ལི་དང་ཡེ་ཁཱ་ཅེ་ལིན་པའོ། ཞི་པའོ་ལེ་ཡཱ་བཅས་སུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཁང་སྒོ་བརྒྱག་རྒྱུ་སོགས་འདུས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། འཇར་མན་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་ཕྱོགས་ཀྱིས་གཞུང་ཚབ་ཁང་བཞིའི་སྒོ་བརྒྱག་པའི་རེ་བ་བཏོན་པའི་ཆོད་དོན་དེ་ནི་མཛའ་མཐུན་མི་ལྡན་པའི་བྱེད་ཐབས་ཤིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་འཇར་མན་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་མང་བོའི་མཉམ་ལས་ལ་གཏོར་བརླག་བྱེད་ངེས་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་མན་གྱི་དཀྲུག་འཕེན་བྱ་སྤྱོད་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་པ་དང་། འཇར་མན་ཕྱོགས་ཀྱིས་མིག་སྔའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བའི་འགན་ཡོད་ཚད་ཁུར་དགོས་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།