ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་དངོས་གཞིའི་འདེམ་ཤོག་གི་བསྡོམས་རྩིས་མཇུག་འབྲས་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཐུར་ཁེའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་དངོས་གཞིའི་འདེམ་ཤོག་གི་བསྡོམས་རྩིས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་འདེམ་ཤོག་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་གཅིག་བརྒྱད་ཐོབ་ནས་ཡང་བསྐྱར་ཙུང་ཐུང་དུ་བདམས།

ཐུར་ཁེ་ཡིས་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། ཨེ་ཨར་ཏའོ་ཨན་དང་ངོ་རྒོལ་ཏང་ཁག་མི་རིགས་མནའ་འབྲེལ་གྱི་འདེམ་སྒུག་པ་ཁི་ལེ་ཆི་ཏཱ་ཨར་ཨོ་ལུའུ་གཉིས་ཀྱིས་མཇུག་མཐའི་འགྲན་རྩོད་བྱས། དངོས་གཞིའི་འདེམ་ཤོག་གི་བསྡོམས་རྩིས་མཇུག་འབྲས་ལས་མངོན་པ་ལྟར་ན། ཁི་ལེ་ཆི་ཏཱ་ཨར་ཨོ་ལུའུ་ལ་འདེམ་ཤོག་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་བརྒྱད་གཉིས་ཐོབ་ཡོད།

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཕྱི་རྒྱལ་གྱི་འདེམ་དམངས་དང་བཅས་པའི་འདེམ་དམངས་བྱེ་བ་ལྔ་དང་ས་ཡ་བཞི་ལྷག་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ཡོད་ལ། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་གཅིག་ལྔ་རེད།

ཐུར་ཁེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཟླ་དྲུག་པའི་ཚེས་གསུམ་ཉིན་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་ཡིན་པ་དང་། དེའི་རྗེས་སུ་སྲིད་འཛིན་ལས་ཁུངས་གསར་བའི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།