ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དྲག་ཆས་དམག་དཔུང་གིས་གནས་སྐབས་སུ་དམག་མཚམས་འཇོག་པའི་གྲོས་མོལ་བྱ་རྒྱུ་མིན་པར་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས31ཉིན། སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པའི་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་དོན། དྲག་ཆས་དམག་དཔུང་གིས་གནས་སྐབས་སུ་མགྱོགས་མྱུར་རོགས་སྐྱོར་རུ་ཁག་དང་དམག་མཚམས་འཇོག་པའི་གྲོས་མོལ་བྱ་རྒྱུ་མ་རེད།  

མགྲིན་ཚབ་པའི་གཞུང་ལས་ཁང་གིས་ཉིན་དེའི་གསལ་བསྒྲགས་ནང་། སུའུ་ཏན་དྲག་ཆས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་གནས་སྐབས་སུ་གྲོལ་མོལ་བྱ་རྒྱུ་མིན་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་མགྱོགས་མྱུར་རོགས་སྐྱོར་རུ་ཁག་གིས“དམག་མཚམས་འཇོག་པའི་གྲོས་མཐུན་དང་རྒྱབ་འགལ་བྱས་ཤིང་། གྲོས་མཐུན་ནང་བཀོད་པའི་སྒྲིག་ཡིག་གི་ཚན་པ་གཅིག་ཀྱང་ལག་བསྟར་བྱས་མེད་པ་རེད”ཅེས་བཤད།

སུའུ་ཏན་དྲག་ཆས་དམག་དཔུང་གི་ཆ་འཕྲིན་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དྲག་ཆས་དམག་དཔུང་གིས་གནས་སྐབས་སུ་དམག་མཚམས་འཇོག་པའི་གྲོལ་མོལ་ནང་མ་ཞུགས་ཀྱང་རྗེས་མར་གཏན་ནས་གྲོལ་མོལ་མི་བྱེད་པའི་ནང་དོན་མིན་ཞེས་བཤད། 

ཡུལ་དངོས་ཀྱི་གནས་ཚུལ་ཤེས་མཁན་ཞིག་གིས། ཚེས31ཉིན་གྱི་ཞོགས་པར། སུའུ་ཏན་དྲག་ཆས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གཉིས་ཨུན་ཐུའུ་མན་དུ་འགལ་འདུ་བྱུང་སྟེ། དྲག་ཆས་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་ནས་ཨུན་ཐུའུ་མན་བར་གྱི་ཟམ་ཆེན་གྱི་འབྲེལ་ལམ་བཅད་པ་མ་ཟད། བར་སྣང་ནས་དམག་འཐབ་གནམ་གྲུ་ལྡིང་སྐོར་རྒྱག་བཞིན་ཡོད་ཚུལ་བཤད།

སུའུ་ཏན་སྨན་པའི་ཨུ་ཡོན་ལྷན་ཁང་གིས་ཚེས28ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ4པའི་ཚེས15ཉིན་སུའུ་ཏན་དུ་བྱུང་བའི་དྲག་ཆས་གདོང་ཐུག་ལས་མི866ཚེ་ལས་འདས་ཤིང་མི3721ལ་རྨས་ཕོག་པ་རེད། གཞན་ཡང་རྒྱལ་སྤྱིའི་གནས་སྤོར་ཡུལ་མི་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འགལ་འདུ་བྱུང་བའི་ཚུན་དུ་སུའུ་ཏན་གྱི་མི་ཁྲི140ལྷག་རང་ཁྱིམ་དང་ཁ་བྲལ་དགོས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།