ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལའེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་མཛད་སྒོ་སྤེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལའེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ཚེས་ཉེར་དགུ་ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་ཀུའུ་ལཱ་གྲོང་རྡལ་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་མཛད་སྒོ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སྤེལ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལའེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་ཚོགས་གཙོའམ་དམག་དཔུང་གི་བཀོད་འདོམ་དཔོན་པོ་ལཱ་སཱ་ལོ་ཡིས་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ལ་མཚོན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཆབ་སྲིད་དང་བདེ་འཇགས་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར། ཁོས་ད་རུང་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་ཉམས་ཞན་ཡིན་པའི་ཉེན་བརྡ་བཏང་།

ལཱ་སཱ་ལོ་ཡིས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་མི་སྣ་ཡིན་པའི་ཆ་ནས། ང་ཚོའི་ནུས་པ་ནི་ཕྱོགས་སོ་སོའི་བར་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་པར་བར་སྟོང་བསྐྲུན་པ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་པར་བར་ཆད་ཐེབས་སྲིད་པའི་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན་ཟེར།

ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོའི་བརྗོད་དོན་ནི་ཞི་བདེ་ང་ནས་མགོ་རྩོམ་ཞེས་པ་དེ་ཡིན། ལེ་པཱ་ནུན་དུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་ལས་གཞན། ས་དེར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་དཔོན་རིགས་དང་ལེ་པཱ་ནུན་སྲིད་གཞུང་གི་དཔོན་རིགས། དྲག་ཆས་དམག་དཔུང་དང་། བདེ་འཇགས་སྡེ་ཁག་གི་འཐུས་མི། དེ་མིན་རྒྱལ་ཁབ་རེ་འགའི་གཞུང་ཚབ་པ་སོགས་རྗེས་དྲན་བྱ་འགུལ་ལ་ཞུགས།

མཛད་སྒོའི་སྟེང་། ལཱ་སཱ་ལོ་དང་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གི་འཐུས་མིས་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ། གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་སྟོང་བཞི་ལྷག་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་ལས་འགན་ལག་བསྟར་བྱེད་སྐབས་རང་སྲོག་བློས་བཏང་བ་རེད།

གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པ་ཐོག་མར་བཙུགས་པ་དང་། ཉིས་སྟོང་གཉིས་ལོའི་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཆེད་ལས་སྙིང་སྟོབས་དང་། གཏོང་ཕོད་སྙིང་སྟོབས། བློ་སྤོབས་བཅས་ལ་གཟེངས་བསྟོད་བྱས་པར་མ་ཟད། ཞི་བདེའི་ལས་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣར་མྱ་ངན་ཞུས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།