ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་སྐྲུན་གྲུ་གཟིངས་སཱ་ཧྥེ་ཨར་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ཀྱི་ཉེ་འགྲམ་དུ་བསླེབས་ནས་མ་བཅོས་རྡོ་སྣུམ་གཞན་དུ་འདྲུད་པར་གྲ་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་པ་ཀི་ལོས་སི་ལེ་ཡིས་ཚེས་སུམ་ཅུ་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་སྐྲུན་གྲུ་གཟིངས་ཤིག་ཡེ་མིན་གྱི་མཚོ་དམར་གྲུ་ཁའི་ཧི་ཐེ་ཏཱ་ཉེ་འདབས་ཀྱི་མཚོ་ཁོངས་སུ་བསླེབས་ཡོད་པ་དང་། ས་ཁུལ་དེར་བསྡད་ཡོད་པའི་སཱ་ཧྥེ་ཨར་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་སྟེང་གི་མ་བཅོས་རྡོ་སྣུམ་གཞན་དུ་འདྲུད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཀི་ལོས་སི་ལེ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་སྐྲུན་གྲུ་གཟིངས་དེ་ཚེས་ཉེར་དགུ་ཉིན་ཅི་པུའུ་ཐིས་ནས་ལམ་དུ་ཆས་པ་དང་། མཚོ་དམར་བརྒྱུད་ནས་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཡེ་མིན་ནུབ་ཕྱོགས་ཧི་ཐེ་ཏཱ་ཉེ་འདབས་ཀྱི་མཚོ་ཁོངས་སུ་བསླེབས་པ་རེད། བཟོ་སྐྲུན་གྲུ་གཟིངས་དེས་མ་བཅོས་རྡོ་སྣུམ་གཞན་དུ་འདྲུད་པར་གྲ་སྒྲིག་བྱེད་རྒྱུ་རེད་ཟེར།

ཡེ་མིན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་ཞིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བཟོ་སྐྲུན་གྲུ་གཟིངས་དེའི་ལས་འགན་ནི་མ་བཅོས་རྡོ་སྣུམ་དྲུད་པའི་གྲུ་གཟིངས་ཆེན་མོ་དང་དེའི་ཉེ་འཁོར་གྱི་སྒྲིག་ཆས་རེ་འགའི་གནད་དོན་ཐག་གཅོད་བྱས་ནས། མ་བཅོས་རྡོ་སྣུམ་དེ་གཞན་དུ་འདྲུད་པའི་བརྒྱུད་རིམ་ཁྲོད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།

སཱ་ཧྥེ་ཨར་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ནི་ཡེ་མིན་སྲིད་གཞུང་གིས་ཧི་ཐེ་ཏཱ་གྲུ་ཁར་བཞག་པའི་མ་བཅོས་རྡོ་སྣུམ་གསོག་ཉར་བྱེད་སའི་སྟེགས་བུ་ཞིག་ཡིན་པ་དང་། སྣུམ་འདྲུད་གྲུ་གཟིངས་དེར་ཞིབ་བཤེར་ཞིག་གསོ་བྱེད་མཁན་མེད་པར་ལུས་ཡོད། མིག་སྔར་སྣུམ་འདྲུད་གྲུ་གཟིངས་སྟེང་དུ་མ་བཅོས་རྡོ་སྣུམ་ཟོ་ས་ཡ་གཅིག་དང་འབུམ་གཅིག་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་མང་བོར་ཉེན་བརྡ་བཏང་སྟེ། སཱ་ཧྥེ་ཨར་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ལ་མ་བཅོས་རྡོ་སྣུམ་བཞུར་བ་དང་འགས་གཏོར། མེར་འབར་བ་བཅས་ཀྱི་ཉེན་ཁ་ཡོད་པས། གལ་སྲིད་དོན་དག་བྱུང་ན་ཁོར་ཡུག་དང་མི་ཆོས་ཀྱི་གནོད་འཚེ་བཟོ་སྲིད་པར་བཤད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།