ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་ཙུང་ཐུང་གིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་བཀག་སྡོམ་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་ཉེར་དགུ་ཉིན་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་སྐྱོན་འཛུགས་ནན་མོ་བྱས་པ་དང་། མེ་སྒོར་ཅན་དུ་བསྒྱུར་བ་མེད་པར་གཏོང་དགོས་པའི་གྲོས་གཞི་ཡང་བསྐྱར་བཏོན།

ལུའུ་ལཱ་ཡིས་ཉིན་དེར་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པའི་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། དེ་ནི་ཨ་མེ་རི་ཁའི་ནོར་འཆུག་ཡིན་ལ། ཨ་མེ་རི་ཁས་ཚད་ལས་བརྒལ་བའི་བཀག་སྡོམ་བྱས་པས། དེ་ནི་འཐབ་འཁྲུག་ལས་ཀྱང་ལྷག་ཏུ་སྡུག་ཟེར།

ལུའུ་ལཱ་ཡིས་ད་རུང་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱིས་ཡོ་སྒོར་གྱི་བསམ་ཕྱོགས་ལྟར་རང་ཉིད་ཀྱི་རིགས་གཅིག་དངུལ་ལོར་གསར་གཏོད་བྱས་ནས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་ཐད་བཀོལ་བར་ཞིབ་འཇུག་བྱེད་བྱེད་ཡོད། དེ་ལྟར་བྱས་ན་ང་ཚོས་མེ་སྒོར་ལ་མ་བརྟེན་པའི་གནས་ཚུལ་འོག་ཉོ་ཚོང་བྱེད་ཆོག་ཟེར།

མཱ་ཏུའུ་ལོ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་སྟེང་ཞི་བདེ་དང་མཉམ་ལས་བརྩོན་ལེན་བྱེད་པའི་མི་རྣམས་ཀྱི་བློ་ཁ་འགུག་བཞིན་ཡོད། ཝེ་ནེ་ཙུའུ་ལཱ་ཡིས་བྱེད་ཐབས་འོས་འཚམ་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཁག་ཅིག་ཏུ་འགྱུར་བར་རེ་བཞིན་ཡོད་ཟེར།

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་སྤེལ་བར་ཐག་བཅད་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ལུའུ་ལཱ་ཡིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ལ། མེ་གླིང་ལྷོ་མའི་རྒྱལ་ཁབ་བཅུ་གཉིས་ཁྲོད་ཕེ་རུ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པ་ཚང་མ་གདན་ཞུས་ལྟར་ཞུགས་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།