ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཟླ་དྲུག་པར་དམག་དོན་མྱུལ་ཞིབ་འཁོར་སྐར་གཏོང་འཕེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཧན་གོའི་ཉེ་སྔོན་གྱི་ཁྲའོ་ཞན་ལ་རྒོལ་བའི་དམག་དོན་འགུལ་སྐྱོད་དང་། ཁྲའོ་ཞན་ཕྱེད་གླིང་དང་ས་ཁུལ་གྱི་དམག་དོན་ཛ་དྲག་གི་གནས་བབ་ལ་དམིགས་ནས། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་པེན་ཀྲི་ཡིས་ཚེས་ཉེར་དགུ་ཉིན་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁྲའོ་ཞན་ཕྱོགས་ཀྱིས་རང་སྲུང་ལངས་ཕྱོགས་ཇེ་དྲག་ཏུ་གཏོང་བའི་ཚུལ་བསྟན་པར་མ་ཟད། ཁྲའོ་ཞན་གྱིས་ཟླ་དྲུག་པའི་ནང་དམག་དོན་མྱུལ་ཞིབ་འཁོར་སྐར་གཏོང་འཕེན་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་སོགས་དགྲར་འཛིན་སྟོབས་ཤུགས་ཀྱི་དམག་དོན་འགུལ་སྐྱོད་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཁྲའོ་ཞན་ཕྱོགས་ལ་ངེས་པར་དུ་མྱུར་མོར་བློ་གཏད་རུང་བའི་མྱུལ་ཞིབ་གསང་འཕྲིན་བྱེད་ཐབས་ལྡན་དགོས། ཁྲའོ་ཞན་གྱིས་ཟླ་དྲུག་པའི་ནང་གཏོང་འཕེན་བྱེད་པའི་དམག་དོན་མྱུལ་ཞིབ་འཁོར་སྐར་ཨང་དང་པོ་དང་ཚོད་ལྟ་བྱེད་རྒྱུ་ཡིན་པའི་རིགས་སྣ་ཚོགས་ཀྱི་གསང་མྱུལ་བྱེད་ཐབས་ཀྱི་དམིགས་ཡུལ་ནི་དགྲ་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ལ་རྗེས་འདེད་ལྟ་རྟོག་དང་གསལ་འབྱེད་བྱས་ནས། ཁྲའོ་ཞན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་དམག་དོན་གྲ་སྒྲིག་རྣམ་པར་ཤུགས་སྣོན་པའི་ཆེད་དུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར ཨ་མེ་རི་ཁ་དང་ཧན་གོས་མིག་སྔར་ཁྲའོ་ཞན་དང་ཧན་གོའི་དམག་དོན་རྒྱལ་མཚམས་ཀྱི་འབྲེལ་མཚམས་དང་ཉེ་བའི་ཧན་གོའི་ཅིན་ཅི་ལམ་གྱི་པའོ་ཁྲོན་ས་ཁུལ་དུ་མཉམ་འབྲེལ་རོགས་ལས་ཀྱི་མེ་ཤུགས་ལ་བརྟེན་ནས་དགྲ་བོ་སྐོར་བཅོམ་བྱེད་པའི་དམག་དོན་སྦྱོང་བརྡར་སྤེལ། དེ་ལས་གཞན་ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་སྔོན་བར་སྣང་མྱུལ་ཞིབ་བྱེད་ཐབས་སྣ་ཚོགས་སྤྱད་ནས། ཁྲའོ་ཞན་ཕྱེད་གླིང་དང་ཉེ་འཁོར་ས་ཁུལ་དུ་དགྲར་འཛིན་གྱི་ངོ་བོ་ལྡན་པའི་བར་སྣང་མྱུལ་ཞིབ་བྱ་འགུལ་སྤེལ་བ་རེད་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། ཧན་གོ་ཕྱོགས་ཀྱིས་ཉིན་དེར་ཁྲའོ་ཞན་་གྱིས་དམག་དོན་མྱུལ་ཞིབ་འཁོར་སྐར་གཏོང་འཕེན་བྱེད་པའི་འཆར་གཞིའི་ཐད་ནས་ཉེན་བརྡ་བཏང་བ་དང་། ཁྲའོ་ཞན་ཕྱོགས་ཀྱིས་མྱུར་མོར་གཏོང་འཕེན་འཆར་གཞི་དེ་རྩིས་མེད་དུ་གཏོང་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།