ཁ་ན་ཏ་དང་སོ་ཏི་ཨ་རབ་བར་གྱི་ཕྱི་འབྲེལ་སླར་གསོ་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། ཁ་ན་ཏ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་དོན། ཁྱོན་ཡོངས་ནས་ཕྱི་འབྲེལ་སླར་གསོ་བྱ་ཆེད། ཕན་ཚུན་བར་གཞུང་ཚབ་ཆེན་མོ་བ་མངགས་ཏེ། ཉེ་བའི་ལོ་ལྔའི་རིང་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་སོང་བའི་རྣམ་པ་མཇུག་འགྲིལ་བར་བྱ་རྒྱུ་རེད། 

ལུའུ་ཐུའུ་གསར་འགྱུར་ཁང་གིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སྤེལ་བའི་གསལ་བསྒྲགས་ལྟར། གོང་གསལ་གྱི་གཏན་འབེབས་དེ་ནི་ཕྱོགས་གཉིས་ཀྱིས“ཕན་ཚུན་ལ་བརྩི་འཇོག་དང་ཐུན་མོང་གི་ཁེ་ཕན་གྱི་རྨང་གཞི་སྟེང་རྒྱལ་ཁབ་གཉིས་བར་གྱི་ཕྱི་འབྲེལ་སླར་གསོ་བྱེད་པའི་བསམ་འདུན་ལས་བྱུང་བ་ཞིག་རེད”ཅེས་བཤད།

འདི་ནི2022ལོའི་ཟླ11པའི་ཚེས14ཉིན་ཐེ་ལན་གྱི་མན་ཀུའུ་རུ་པར་བླངས་པའི2022ལོའིAPECགྲོས་ཚོགས་ཀྱི་མཚོན་རྟགས་རེད།

རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཁ་ན་ཏའི་ཙུང་ལི་ཅ་སི་ཐིང·ཐེ་ལུའུ་ཏུའོ་དང་སོ་ཏི་ཨ་རབ་ཀྱི་རྒྱལ་པོའི་རྒྱུད་འཛིན་པའམ་དབུ་བཞུགས་བློན་ཆེན་མུའུ་ཧན་མོ་ཏེ·པིན·ས་ལེ་མན་རྣམ་གཉིས་ཀྱིས་ན་ནིང་གི་ཟླ11པར་ཐེ་ལན་གྱི་མན་ཀུའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་གཏན་ཅན་དུ་བསྒྱུར་བའི་ཐད་ལ་གྲོས་བསྡུར་བྱས།

2018ལོར་སོ་ཏི་ཨ་རབ་ཏུ་སྡོད་པའི་ཁ་ན་ཏའི་གཞུང་ཚབ་ཆེན་མོ་བ་ཚུད་པའི་ཁ་ན་ཏ་ཕྱོགས་ཀྱི་ཕྱི་འབྲེལ་དཔོན་རིགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་ལ་བཀག་ཉར་བྱས་ཡོད་པའི་ཁེ་དབང་སྲུང་སྐྱོང་མི་སྣ་རྣམས་གློད་གྲོལ་དུ་གཏོང་དགོས་པའི་རེ་འབོད་བྱས་པ་རེད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་ནང་སྲིད་ལ་ཐེ་ཇུས་བྱས་པར་རྒོལ་གཏམ་བཏང་བ་དང་། ཁ་ན་ཏའི་གཞུང་ཚབ་ཆེན་མོ་བ་མཐར་སྐྲོད་བཏང་ཞིང་ཁ་ན་ཏ་རུ་སྡོད་པའི་རང་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་བ་ཚུར་འགུགས་བྱས་པ་མ་ཟད། གནས་སྐབས་སུ་ཁ་ན་ཏར་མ་དངུལ་གཏོང་མཚམས་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཨ་ལན་སློག །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།