ཀྲུང་གོ་བོད་ཀྱི་དྲ་བ།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་ཇན་ཕུའུ་ཀྲའེ་རུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ5པའི་ཚེས22ཉིན་ཇན་ཕུའུ་ཀྲའེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་གྱིས་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་གྲུབ་འབྲས་འགྲེམས་སྟོན་ལ་བལྟ་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས22ཉིན། ཇན་ཕུའུ་ཀྲའེ་ཡི་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཤིང་། ཇན་ཕུའུ་ཀྲའེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་དང་ཇན་ཕུའུ་ཀྲའེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཝང་ཝུན་ཐེན་གཉིས་འགྲེམས་སྟོན་ཚོགས་འདུར་ཞུགས།

ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་ནི་གཙོ་བོར་པར་རིས་དང་བརྙན་ཟློས། དངོས་པོ་འགྲེམས་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ། ཁྱོན་ཡོངས་ནས་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་དེ་ཀྲུང་གོ་དང་ཇན་ཕུའུ་ཀྲའེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣ་དང་རིམ་པ་སོ་སོའི་སྲིད་གཞུང་གི་རོགས་སྐྱོར་ཁྲོད་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་རེད།

ཧུང་སེན་གྱིས་གྲུབ་འབྲས་འགྲེམས་སྟོན་གྱི་མགོ་ཚུགས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་བཏོན་ནས་ལོ་ངོ་བཅུའི་རིང་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་འདི་ཉིད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་ཡོད་ལ། ད་ཆ་ཁེ་ལས175དམིགས་བསལ་ས་ཁུལ་དུ་གཞི་ཆགས་ཏེ་ཇན་ཕུའུ་ཀྲའེ་ལ་ལས་ཞུགས་ལས་རྐང་ཁྲི3འདོན་སྤྲོད་བྱས་ཡོད། ད་ལོ་ནི་ཇན་ཀྲུང་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པ་དང་ཇན་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལོ་ཡིན་པས་ཇན་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་སྲ་ཞིང་བརྟན་པ་ཡིན། དུས་ཡུན་རིང་པོའི་ནང་ཀྲུང་གོས་ཇན་ཕུའུ་ཀྲའེ་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་ཇན་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྲོད་ཇན་ཕུའུ་ཀྲའེ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཚུལ་བསྟན།

ཝང་ཝུན་ཐེན་གྱིས། ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་ནི་ཀྲུང་ཇན་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་དངོས་སྒྲུབ་མཉམ་ལས་ཀྱི་དཔེ་མཚོན་ལས་གྲྭ་ཡིན། ད་སྐབས་དམིགས་བསལ་ས་ཁུལ་འདི་ཞི་ཧ་ནུའུ་ཁེ་ཞིང་ཆེན་གྱི་དཔལ་འབྱོར་གོང་སྤེལ་དུ་གཏོང་བའི“སྣེ་ཁྲིད་མཁན”དང་ས་གནས་དེ་གའི་དམངས་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པའི“གསེར་ཕོར”ལྟ་བུར་གྱུར་ཡོད། ལོ་ངོ་བཅུའི་རིང་། ཀྲུང་ཇན་རྒྱལ་ཁབ་གཉིས་ཀྱིས་མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་རེད།  ཀྲུང་གོ་དང་ཇན་ཕུའུ་ཀྲའེ་ཡི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་ཐོབ་པ་མ་ཟད། ས་ཁུལ་ཞི་བདེ་དང་དར་རྒྱས་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད་པ་དོན་དངོས་སྟེང་ནས་ར་སྤྲོད་བྱས་ཡོད་ཅེས་གསུངས། །

འདི་ནི་ཟླ5པའི་ཚེས22ཉིན་པར་བླངས་པའི་ཇན་ཕུའུ་ཀྲའེ་ཡི་ཞི་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་འཛུལ་སྒོ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།