ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨེ་ལི་ཐེ་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ལི་ཐེ་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་པའི་ལོ་ངོ30རིང་ཀྲུང་ཨེའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོ་བྱུང་ཡང་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་ལག་གདང་མཉམ་སྦྲེལ་སྒོས་མདུན་དུ་བསྐྱོད་པ་མ་ཟད། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཉེ་སྔོན་ཙུང་ཐུང་དབྱི་ས་ཡ་སི་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་གཏིང་ཟབ་སྒོས་དགོངས་འཆར་བརྗེ་རེས་བྱས་པས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས། ངས་ཀྲུང་ཨེ་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་དབྱི་ས་ཡ་སི་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་དེ་གོ་སྐབས་སུ་བཟུང་སྟེ། ཕན་ཚུན་བར་རྒྱབ་སྐྱོར་བྱེད་ཤུགས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་ཀྲུང་ཨེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

དབྱི་ས་ཡ་སི་ཡིས། ཨེ་ཀྲུང་གི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་གོས་ཨེ་ལི་ཐེ་ལི་ཡའི་མི་དམངས་ལ་མི་རིགས་རང་བཙན་བརྩོན་ལེན་བྱ་ཆེད་སྤྱོད་དྲང་དང་དངོས་པོའི་རྒྱབ་སྐྱོར་གནང་བ་རེད། འདས་ཟིན་པའི་ལོ་ངོ30རིང་ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ཡོད། ཉེ་སྔོན་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཕེབས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་གཏིང་ཟབ་གནང་བ་མ་ཟད། ཨེ་ཀྲུང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་ས་ཞིག་ཏུ་བཞག་ནས་ཁྱབ་ཁོངས་ཁག་གི་ཁྱོན་ཡོངས་ཀྱི་མཉམ་ལས་དང་མཐུན་སྦྱོར་ལ་ཁྱབ་པར་བྱས་པ་ཧ་ཅང་དགའ་པོ་བྱུང་ཡོད། དབྱི་ས་ཡ་སི་ཡིས་བཀྲ་ཤིས་པའི་དུས་འདིར་ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་སླར་ཡང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།