ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡའི་གྲོང་ཚོ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི18ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡའི་དཔོན་རིགས་ཀྱིས་ཚེས22ཉིན་ནི་ཀྲེ་རི་ཡ་དབུས་རྒྱུད་ཀྱི་པེ་ནུའུ་ཨའེ་མངའ་སྡེའི་གྲོང་ཚོ་ཞིག་ལ་ཚེས21ཉིན་གྱི་དགོང་མོར་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི18ཚེ་ལས་འདས་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་ཅེས་བཤད།

པེ་ནུའུ་ཨའེ་མངའ་སྡེ་ཀུའུ་མ་ཆུས་ཀྱི་བདེ་འཇགས་ལས་དོན་ལ་འགན་འཁུར་བཞིན་པའི་དཔོན་རིགས་ཤིག་གིས་ཚེས22ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲིར་དང་ལེན་བྱེད་སྐབས། ས་གནས་དེ་གའི་དུས་ཚོད་ཚེས21ཉིན་གྱི་དགོང་མོའི་ཆུ་ཚོད6པ་ནས་ཆུ་ཚོད7པ་བར་ཐོབ་ཐང་མི་གསལ་བའི་དྲག་ཆས་པ་ཁག་གཅིག་ས་ཁུལ་དེའི་དབྱི་ཡེ་གྲོང་ཚོའི་གྲོང་མིར་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི18ཚེ་ལས་འདས་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་པར་བཤད། མིག་སྔར་བདེ་འཇགས་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད།

པེ་ནུའུ་ཨའེ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་ཚེས22ཉིན་སྨྱན་བྱད་ལ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་ཉེན་རྟོག་པ་དང་དམག་དཔུང་། ས་གནས་དེ་གའི་ཡུལ་དམག་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་ཚོགས་ཆུང་ཞིག་འཕྲལ་དུ་ཡུལ་དངོས་སུ་སོང་སྟེ་དྲག་ཆས་པ་དང་འཐབ་རྩོད་བྱས་ཤིང་། མི་གཅིག་ཡུལ་དངོས་ནས་བསད་པ་རེད་ཅེས་བཤད།

ཉེ་བའི་ཟླ་འགའི་རིང་། ནི་ཀྲེ་རི་ཡའི་ས་ཁུལ་མང་པོར་བསྟུད་མར་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ་མི་མང་པོར་ཤི་རྨས་ཐེབས་པའམ་བཙན་ཁྲིད་བྱས་པའི་དོན་རྐྱེན་བྱུང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།