ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲི་རི་ཡའི་དབུས་ཕྱོགས་ཀྱི་སྡེ་བ་གཉིས་ལ་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲི་རི་ཡའི་སྨྱན་སྦྱོར་གྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ནི་ཀྲི་རི་ཡའི་དབུས་ཕྱོགས་ཀྱི་མཐོ་སྒང་མངའ་སྡེའི་སྡེ་བ་གཉིས་ལ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།

མཐོ་སྒང་མངའ་སྡེའི་མགོ་གཙོ་ཞི་མིན་ལཱ་ལུང་གིས་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། མངའ་སྡེ་དེའི་མན་ཀུའུ་ས་ཁུལ་དུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་བ་དང་། འདས་པོའི་ཁྲོད་དུ་བུད་མེད་དང་བྱིས་པ་མང་བོ་འདུག མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། མཐོ་སྒང་མངའ་སྡེའི་སྲིད་གཞུང་གིས་འཇབ་རྒོལ་ཐེབས་ས་རུ་མཚན་མོར་འགྲུལ་བཞུད་བྱེད་མི་ཆོག་པའི་ཐག་བཅད་ཡོད་ཟེར།

མཐོ་སྒང་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཅུ་དྲུག་ཉིན་སྨྱན་སྦྱོར་ལ་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་ཐེབས་པའི་ས་ཁུལ་དུ་ཉེན་རྟོག་པ་ཁ་སྣོན་བྱས་ཏེ། ས་དེའི་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་བཞིན་ཡོད་ཟེར།

ཉེ་བའི་ཟླ་འགའི་རིང་ལ། ནི་ཀྲི་རི་ཡའི་ས་ཁུལ་མང་བོ་ནས་བསྟུད་མར་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ནས། མི་མང་བོ་ཤི་རྨས་བཟོས་པ་དང་བཙན་ཁྲིད་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།