ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་དག་ལ་ཁ་གཏད་རང་བཞིན་གྱི་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་བཅུ་དྲུག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སཱ་ཧི་ལེ་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་དག་ལ་ཁ་གཏད་རང་བཞིན་ལྡན་པའི་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།

ཏའེ་པེན་གྱིས་བཤད་རྒྱུར། མིག་སྔར་སཱ་ཧ་ལེ་ས་ཁུལ་གྱི་རྒྱལ་ཁབ་དག་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་དང་འཕྲད་ཡོད་ལ། ཐུན་མོང་གི་བདེ་འཇགས་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱེད་པ། ས་ཁོངས་ཀྱི་མཐུན་སྒྲིལ་མཉམ་ལས་ཤུགས་སྣོན་པ་བཅས་ཀྱི་ཐད་གྲུབ་འབྲས་ངེས་ཅན་ཐོབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་དག་གི་དཀའ་ངལ་དང་དགོས་མཁོར་སྔར་ལས་མཐོང་ཆེན་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས།

གཅིག ས་ཁུལ་གྱི་རྒྱལ་ཁབ་དག་གི་མཐུན་སྒྲིལ་མཉམ་ལས་ནི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བར་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཡིན། སཱ་ཧི་ལེ་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་དང་མི་ཆོས་ཉེན་ཚབས། དབུལ་སེལ་འཕེལ་རྒྱས། ནམ་ཟླའི་འགྱུར་ལྡོག་བཅས་ཀྱི་འཇིགས་སྣང་ཚབས་ཆེན་མང་བོ་གནས་ཡོད། ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཐུན་མོང་གི་བདེ་འཇགས་དང་ཐུན་མོང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འདུ་ཤེས་བཅངས་ཏེ། ཕྱོགས་སོ་སོའི་སེམས་ཁུར་ལ་ལྟ་སྐྱོང་བྱེད་པའི་རྨང་གཞིའི་སྟེང་ས་ཁུལ་གྱི་མཉམ་ལས་སླར་གསོ་དང་དེར་ཤུགས་སྣོན་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོསག་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་དག་གི་བདག་དབང་དང་གཙི་ཁྲིད་དབང་ཆར་བརྩི་བཀུར་བྱས་ཏེ། ས་ཁུལ་གྱི་མཉམ་ལས་ཟབ་མོར་སྤེལ་བར་འཛུགས་སྐྲུན་རང་བཞིན་གྱི་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གནས་བབ་ཀྱི་བསླབ་བྱ་བསྡུ་ལེན་བྱས་ཏེ། རྒྱལ་ཁབ་ཁ་ཤས་ཀྱི་ཆབ་སྲིད་བར་བརྒལ་གནད་དོན་ཐད་ཁོག་རྒྱ་རིང་བོ་བཅངས་དགོས་པ་དང་། རྒྱབ་སྐྱོར་དང་སྐུལ་སློང་མང་ཙམ་བྱས་ཏེ། ས་ཁུལ་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

གཉིས། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་མིག་སྔའི་གལ་འགངས་ཆེ་བའི་བྱ་བ་ཡིན། ས་ཁུལ་གྱི་དྲག་ཤུགས་འཇིགས་སྐུལ་བྱ་བ་སྔར་བཞིན་དུ་ཚབས་ཇེ་ཆེར་འགྲོ་བཞིན་པ་དང་གནས་བབ་ཧ་ཅང་ཚབས་ཆེ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་འཇིགས་སྐུལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཆེས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། གཙོ་བོ་ས་ཁུལ་དེའི་རྒྱལ་ཁབ་དག་གིས་བདེ་འཇགས་སྡེ་ཁག་གི་ནུས་པ་ཇེ་ཆེར་གཏོང་བར་རོགས་རམ་བྱེད་དགོས་པ་དང་། རྒྱལ་ཁབ་དེ་དག་གིས་རང་བདག་སྒོས་ཕྱི་ཕྱོགས་དང་བདེ་འཇགས་མཉམ་ལས་སྤེལ་བའི་དབང་ཆར་བརྩི་བཀུར་བྱེད་དགོས།

གསུམ། རྒྱུན་སྲིང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་ནི་རྩ་བ་བཅོས་སྐྱོང་གི་ཐབས་ལམ་ཡིན། སཱ་ཧི་ལེ་ས་ཁུལ་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་འབྱུང་རྩ་མེད་པར་གཏོང་དགོས་ན། དམག་དོན་དང་བདེ་འཇགས་ཀྱི་ཐབས་ཤེས་ཁོ་ནས་མེད་པར་གཏོང་མི་ཐུབ་པས། ངེས་པར་དུ་རྩ་ལག་མཉམ་བཅོས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སཱ་ཧི་ལེ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲོས་གཞི་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ཡར་སྐུལ་བྱས་ཏེ། ས་ཁུལ་དེའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་ཇེ་ཆེར་གཏོང་དགོས་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། རྒྱུན་སྲིང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་ནི་ཀྲུང་གོ་དང་སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་དག་གི་དངོས་གཉེར་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། དབུལ་སེལ་དབུལ་སྐྱོར་དང་འབྲུ་རིགས་བདེ་འཇགས། ཞིང་ཕྱུགས་ལས་ཐོན་སྐྱེད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། འཕེལ་རྒྱས་དངུལ་བསྡུ་སོགས་ཐད་དུ་ས་ཁུལ་དེའི་རྒྱལ་ཁབ་དག་ལ་རྒྱབ་སྐྱོར་སྔར་ལས་མང་བོ་བྱེད་འདོད་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཐོན་ཁུངས་བཀོལ་སྤྱོད་ཐད་ནས་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།