ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་ཨུ་རུ་སིའི་དམག་གིས་ཐོག་དང་པོར་རླུང་འཚུབ་གྲིབ་མ་ཞེས་པའི་སྐོར་སྐྱོད་འཕུར་མདའ་བཀག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་ཚེས16་ཉིན་འཕུར་མདའི་འཇབ་རྒོལ་ཐེབས་ཏེ། ས་ཁུལ་མང་བོར་འགས་གཏོར་བྱུང་། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་ཝུའུ་ཁི་ལིན་གྱི་དམག་གིས་འཕངས་པའི་འཕུར་མདའ་མང་བོ་བཀག་པ་དང་། དེའི་ནང་དུ་དབྱིན་ཇིས་ཝུའུ་ཁི་ལན་ལ་བྱིན་པའི་རླུང་འཚུབ་གྲིབ་མ་ཞེས་པའི་རྒྱང་འཕེན་སྐོར་སྐྱོད་འཕུར་མདའ་ཞིག་ཡོད་ལ། དེ་ནི་ཨུ་རུ་སིས་དམག་གིས་ཐེངས་དང་པོར་འཕུར་མདའ་དེའི་རིགས་བཀག་པ་ཡིན་ཟེར།

ས་དེའི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་སྐྱ་རེངས་ཀྱི་དུས་སུ། ཅི་ཧྥུའུ་རུ་ཡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཅི་ཧྥུའུ་གྲོང་ཁྱེར་གྱི་བར་སྣང་དུ་འགས་གཏོར་གྱི་སྒྲ་མང་བོ་གྲགས་པ་ཐོས་པར་མ་ཟད། སྒེའུ་ཁུང་ཕྱི་རུ་མཁའ་ཟོན་འཕུར་མདའི་མ་ལག་བར་སྣང་དུ་འཕངས་ནས་ཕ་རོལ་བའི་འཕུར་མདའ་བཀག་པ་མཐོང་། ཝུའུ་ཁི་ལིན་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི་ཡིས་དེའི་རྗེས་སུ་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་དེ་ཝུའུ་ཁི་ལན་གྱི་མཁའ་ཟོན་མ་ལག་གིས་འཕུར་མདའ་འགོག་བཞིན་པའི་སྒང་ཡིན་ཞེས་བཤད། ཅི་ཧྥུའུ་གྲོང་ཁྱེར་གྱི་མགོ་གཙོ་ཁི་ལེ་ཆི་ཁོ་ཡིས་དེའི་རྗེས་སུ་གནས་ཚུལ་བསྒྲགས་ནས་བཤད་རྒྱུར། ཅི་ཧྥུའུ་གྲོང་ཁྱེར་གྱི་ས་ཁུལ་མང་བོར་འགས་གཏོར་བྱུང་བ་དང་། འཕུར་མདའི་ཆག་རོ་རྣམས་རླངས་འཁོར་དང་ཁང་བ་ཁ་ཤས་ཀྱི་སྟེང་དུ་ལྷུང་སོང་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁོ་ན་ཧྲིན་ཁོ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་མཁའ་ཟོན་མ་ལག་གིས་འདས་པའི་ཉིན་གཅིག་གི་རིང་ལ་ཧ་མུའུ་ཞེས་པའི་འགྱེད་འཕྲོ་འཕུར་མདའ་བདུན་དང་། རླུང་འཚུབ་གྲིབ་མ་ཞེས་པའི་སྐོར་སྐྱོད་འཕུར་མདའ་གཅིག ཧེ་མཱ་སི་ཞེས་པའི་མེ་ཤུགས་འཕུར་མདེལ་བཅུ་བཅས་བཀག་ཟེར། ཨུ་རུ་སིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། འདི་ནི་དབྱིན་ཇིས་ཝུའུ་ཁི་ལན་ལ་རླུང་འཚུབ་གྲིབ་མ་ཞེས་པའི་འཕུར་མདའ་བྱིན་རྗེས། ཨུ་རུ་སིའི་དམག་གིས་འཕུར་མདའ་དེའི་རིགས་ཐོག་དང་པོར་བཀག་པ་རེད་ཟེར།

ཐ་སི་གསར་འགྱུར་ཁང་སོགས་ཨུ་རུ་སིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དམག་གིས་ཉེ་བའི་ཉིན་འགའི་རིང་ལ་ལུའུ་ཀན་སི་ཁི་ས་ཁུལ་དུ་རླུང་འཚུབ་གྲིབ་མ་ཞེས་པའི་སྐོར་སྐྱོད་འཕུར་མདའ་ཐེངས་མང་བོར་འཕངས་ཟེར། དབྱིན་ཇིའི་ཟླ་འདིའི་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཁོ་ཚོས་ཝུའུ་ཁི་ལན་གྱི་དམག་དཔུང་ལ་རླུང་འཚུབ་གྲིབ་མ་ཞེས་པའི་སྐོར་སྐྱོད་འཕུར་མདའ་བྱིན་པ་ཡིན་ཟེར། འཕུར་མདའ་དེའི་རིགས་སྤྱི་ལེ་ཉིས་བརྒྱ་དང་ལྔ་བཅུའི་སར་འཕངས་ཆོག་པ་དང་། དབྱིན་ཇི་ནི་ཝུའུ་ཁི་ལན་གྱི་དམག་ལ་རྒྱང་འཕེན་འཕུར་མདའ་བྱིན་པའི་རྒྱལ་ཁབ་ཐོག་མ་རེད།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་བཅོ་ལྔ་བཤད་རྒྱུར། དབྱིན་ཇི་ཝུའུ་ཁི་ལན་ལ་མུ་མཐུད་དུ་མཚོན་ཆ་སྟེར་བའི་རྒྱལ་ཁབ་ཀྱི་སྔོན་གྲལ་དུ་ལངས་རྩིས་ཡོད་ནའང་། མཚོན་ཆ་སྟེར་བའི་ཐག་གཅོད་དེ་ལས་གཏོར་བརླག་དང་དམག་འཁྲུག་སྔར་ལས་མང་བོ་འབྱུང་བར་བྱེད་ངེས་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་ཉེ་སྔོན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱིན་ཇིས་ཝུའུ་ཁི་ལན་ལ་རླུང་འཚུབ་གྲིབ་མ་ཞེས་པའི་རྒྱང་འཕེན་སྐོར་སྐྱོད་འཕུར་མདའ་བྱིན་པ་དེས་དབྱིན་ཇི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་ཁྲོད་ཟབ་ཞུགས་བྱེད་པ་མཚོན་ཡོད་ལ། དབྱིན་ཇིའི་བྱ་སྤྱོད་དེས་གནས་བབ་ཚབས་ཇེ་ཆེར་གཏོང་ངེས་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་བྱེད་ཐབས་ཡོད་ཚད་སྤྱད་དེ་ཝུའུ་ཁི་ལན་གྱིས་དབྱིན་ཇིས་བྱིན་པའི་འཕུར་མདའ་བཀོལ་བ་ལས་འབྱུང་སྲིད་པའི་ཉེན་ཁ་སེལ་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་སྟེང་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་ཉེ་སྔོན་དབྱི་ཐ་ལི་དང་འཇར་མན། ཧྥ་རན་སི། དབྱིན་ཇི་བཅས་ལ་འཚམས་འདྲི་བྱེད་སྐབས་དམག་དོན་རོགས་སྐྱོར་གྱི་འཆར་གཞི་གསར་པའི་སྐོར་ནས་རྒྱལ་ཁབ་དེ་དག་གི་མགོ་ཁྲིད་པའི་བར་གྲོས་མཐུན་བྱུང་ཡོད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁི་ཡིས་ཚེས་བཅོ་ལྔ་ཉིན་འཚམས་འདྲིར་ཡོང་བའི་ཙི་ལེན་སི་ཅི་ལ་ཐུག་འཕྲད་བྱས། དབྱིན་ཇིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་མཁའ་ཟོན་འཕུར་མདའ་བརྒྱ་ཕྲག་འགའ་དང་མི་མེད་གནམ་གྲུ་སྔར་ལས་མང་བོ་སྟེར་རྒྱུ་ཡིན་ལ། དེའི་ནང་དུ་སྤྱི་ལེ་ཉིས་བརྒྱའི་བར་ཐག་ཏུ་འགད་རྫས་འཕངས་ཆོག་པའི་མི་མེད་གནམ་གྲུ་བརྒྱ་ཕྲག་འགའ་སྟེར་རྒྱུ་ཡིན་པ་དང་། དེ་དག་རྗེས་ཕྱོགས་ཀྱི་ཟླ་འགའི་ནང་ཝུའུ་ཁི་ལན་ལ་སྤྲོད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་བཞི་ཉིན་ཙུང་ཐུང་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཙི་ལེན་སི་ཅི་ལ་ཐུག་འཕྲད་བྱས། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་ལྔ་ཉིན་གྱི་སྐྱ་རེངས་ཀྱི་དུས་སུ་བསྒྲགས་པའི་ཧྥ་རན་སི་དང་ཝུའུ་ཁི་ལན་གྱི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན། ཧྥ་རན་སིས་རྗེས་ཕྱོགས་ཀྱི་གཟའ་འཁོར་འགའི་ནང་དུ་ཝུའུ་ཁི་ལན་གྱི་དམག་དཔུང་ལ་ཁྲབ་ལྡན་འཁོར་ལོ་དང་ཐན་ཁི་འཁོར་ལོ་བཅུ་ཕྲག་འགའ་སྟེར་རྒྱུ་ཡིན་ཟེར། གསལ་བསྒྲགས་ལས་ད་དུང་ཧྥ་རན་སིས་ཝུའུ་ཁི་ལན་གྱི་མཁའ་ཟོན་མ་ལག་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱ་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཏུ་ཝུའུ་ཁི་ལན་གྱི་དམག་དཔུང་ལ་མུ་མཐུད་དུ་རོགས་རམ་དང་སྦྱོང་བརྡར་བྱ་རྒྱུ་ཡིན་ཞེས་བཤད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།