ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་མེ་ཤུགས་འཕུར་མདའ་ཉིས་བརྒྱ་དང་གྱ་དགུ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་སོང་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཉིན་དེར་བསྡོམས་པས་མེ་ཤུགས་འཕུར་མདའ་ཉིས་བརྒྱ་དང་གྱ་དགུ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་ལ་འཕངས་སོང་ཟེར།

ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་དུས་ནས་བཟུང་། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་མང་བོ་བྱས་ཏེ། མི་ཉེར་གཉིས་བསད་པ་དང་། མི་རེ་བཞི་རྨས་ལ། འདས་པོའི་ཁྲོད་དུ་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་མཐོ་རིམ་དཔོན་རིགས་གསུམ་འདུ། ཅེ་ཧ་ཏི་ཡིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱིས་རང་གིས་བསགས་པའི་ནག་ཉེས་དེའི་ཆེད་དུ་རིན་དོད་ཆེན་པོ་འབུལ་ངེས་ཡིན་ཞེས་བཤད།

ཚེས་བཅུ་ཉིན་གྱི་ཉིན་གུང་ནས་བཟུང་། དབྱི་སི་རལ་གྱི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སི་ཏའེ་ལོ་ཐི་དང་ཨ་ཧྲིན་ཁི་ལུང་། པེ་ཨར་ཞེ་པ། དབུས་ཕྱོགས་ཀྱི་གྲོང་ཁྱེར་ཐི་ལཱ་ཝེ་ཧྥུའུ་སོགས་ས་ཁུལ་ཚང་མ་རུ་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པའི་གནས་ཚུལ་འབྱོར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། བསྡོམས་པས་མེ་ཤུགས་འཕུར་མདའ་ཉིས་བརྒྱ་དང་གྱ་དགུ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་པ་དང་། དེའི་ནང་གི་འཕུར་མདའ་ཉིས་བརྒྱ་དང་བཅུ་གཉིས་དབྱི་སི་རལ་གྱི་མངའ་ཁོངས་སུ་ཕོག དབྱི་སི་རལ་གྱི་མཁའ་ཟོན་མ་ལག་གིས་མེ་ཤུགས་འཕུར་མདའ་དྲུག་ཅུ་བཀག་ཟེར།

གསལ་བསྒྲགས་གཞན་ཞིག་གི་ནང་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཁོ་ཚོས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ས་གནས་མི་འདྲ་བ་བཅུ་ཕྲག་ལྷག་འགས་གཏོར་བཏང་བ་དང་། དེའི་ནང་དུ་ཅེ་ཧ་ཏི་ལ་དབང་བའི་སྒྲིག་ཆས་བརྒྱ་ཕྲག་འགའ་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཏན་ཉི་ཨར་ཧ་ཅ་ལེ་ཡིས་ཉིན་དེར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་འགས་གཏོར་གཏོང་བའི་དམིགས་འབེན་གཙོ་བོ་ནི་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའ་འཕངས་པའི་ཅེ་ཧ་ཏི་ཡིན་མོད། ཡིན་ནའང་དྲག་ཆས་རྩ་འཛུགས་གཞན་དག་འཇབ་རྒོལ་གྱི་ཁྲོད་དུ་ཞུགས་ཚེ། དབྱི་སི་རལ་གྱི་དམག་གིས་དེར་ཡང་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁི་ཨིན་གྱིས་ཚེས་བཅུ་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་སྤྱི་ཐུན་རྒྱང་སྒྲོག་ཀུང་ཟིར་བདེན་དཔང་བྱེད་རྒྱུར། དབྱི་སི་རལ་ཕྱོགས་ལ་ཨེ་ཅིབ་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མགོ་བཏོན་ཡོད་པ་དང་། དེར་དཔྱད་འཇོག་བྱེད་བཞིན་པའི་སྒང་ཡིན་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།