ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་ཙུང་ཐུང་གདན་དྲངས་པ་ལྟར་སོ་ཏི་ཨ་རབ་ནས་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་ཉིན་བསྒྲགས་རྒྱུར། སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་སཱ་ཏི་གདན་དྲངས་པ་ལྟར་ཟླ་འདིར་སོ་ཏི་ཨ་རབ་ནས་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་ལ་ཞུགས་རྒྱུ་རེད་ཟེར།

སི་རི་ཡའི་ཙུང་ཐུང་བཞུགས་ཤག་གིས་གསལ་བསྒྲགས་ཤིག་སྤེལ་ནས་བཤད་རྒྱུར། ཅོར་ཏན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་ནཱ་དབྱི་ཧྥུའུ་སུའུ་ཏི་ལེ་ཡིས་པ་ཧྲ་ཨར་ལ་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་ས་ལེ་མན་གྱིས་བསྐུར་བའི་གདན་འདྲེན་ཞུ་ཡིག་བརྒྱུད་སྤྲོད་བྱས་ལ། པ་ཧྲ་ཨར་གྱིས་མི་འགྱང་བར་སོ་ཏི་ཨ་རབ་ནས་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་ཀྱིས་ཨ་རབ་ཐུན་མོང་འགུལ་སྐྱོད་ལ་ཤུགས་བསྣན་ནས། ཨ་རབ་མི་དམངས་ཀྱི་འདོད་བློ་མངོན་འགྱུར་བྱ་ངེས་ཡིན་ཞེས་བཤད་སོང་ཟེར།

སི་རི་ཡའི་གསར་འགྱུར་ཁང་གིས་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་སོ་ཏི་ཨ་རབ་ཏུ་སྡོད་པའི་སི་རི་ཡའི་ཕྱི་འབྲེལ་གཞུང་ཚབ་པའི་བྱ་བ་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས་ཟེར། གཞན་ཡང་སོ་ཏི་ཨ་རབ་ཀྱི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་སི་རི་ཡ་རུ་སྡོད་པའི་རྒྱལ་ཁབ་རང་གི་ཕྱི་འབྲེལ་གཞུང་ཚབ་པའི་བྱ་བ་སླར་གསོ་བྱ་རྒྱུའི་ཐག་བཅད་ཡོད་ཟེར།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ཉེན་ཚབས་བྱུང་རྗེས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སི་རི་ཡའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་བླངས་པ་དང་། ཨ་རབ་རྒྱལ་ཁབ་མང་བོས་སི་རི་ཡ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ། ཉེ་བའི་ལོ་འགའི་རིང་ལ་སི་རི་ཡ་དང་རང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སི་རི་ཡའི་སྲིད་གཞུང་དང་ཨ་རབ་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་རིམ་བཞིན་སླར་གསོ་བྱུང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཟླ་འདིའི་ཚེས་བདུན་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་ལོ་ནས་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། སི་རི་ཡའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱ་རྒྱུའི་ཐག་བཅད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།