ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་སི་རི་ཡ། ཐུར་ཁེ། དབྱི་ལང་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་སི་རི་ཡའི་གནས་བབ་སོགས་ཀྱི་གནད་དོན་སྐོར་ནས་ཕྱོགས་བཞིའི་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དང་སི་རི་ཡ། ཐུར་ཁེ། དབྱི་ལང་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་བཅུ་ཉིན་ཨུ་རུ་སིའི་རྒྱལ་ས་མཱོ་སི་ཁོ་ནས་གྲོས་མོལ་བྱས་ཏེ། ཐུར་ཁེ་དང་སི་རི་ཡའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བ་དང་། སི་རི་ཡའི་གནས་བབ་སོགས་ཀྱི་གནད་དོན་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པའི་སི་རི་ཡ་དང་ཐུར་ཁེའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འབྲེལ་ཡོད་གྲོས་མགོ་དོན་འཁྱོལ་བྱེད་པའི་ཐབས་ཤེས་ཤིག་ཡིན། སི་རི་ཡ་དང་ཐུར་ཁེའི་འབྲེལ་བ་རྒྱུན་ལྡན་དུ་བཏང་ཚེ་སི་རི་ཡི་དང་ཐ་ན་དབུས་ཤར་ས་ཁུལ་ཧྲིལ་བོའི་སྤྱིའི་གནས་བབ་ལ་ཤན་ཤུགས་ལེགས་པོ་ཐེབས་སྲིད་པ་དང་། སི་རི་ཡའི་གནད་དོན་ཐག་གཅོད་རྒྱུ་དམིགས་ཡུལ་ཡིན་པའི་ཨ་སི་ཐ་ནའི་རྣམ་པར་ཡང་གོ་སྐབས་གསར་པ་བསྩོལ་ངེས་ཟེར། ཁོས་ཕྱོགས་སོ་སོས་ཐེངས་འདིའི་གྲོས་མོལ་གྱི་རྗེས་སུ་སི་རི་ཡ་དང་ཐུར་ཁེའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འཆར་གཞི་གཏན་འབེབས་བྱ་རྒྱུའི་འབོད་སྐུལ་བཏང་།

སི་རི་ཡའི་གནས་བབ་སྐོར་གླེང་སྐབས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་དོན་དག་གལ་ཆེན་ཞིག་ནི། སི་རི་ཡའི་ཡུལ་གྱར་བ་དང་སི་རི་ཡའི་རྒྱལ་ནང་གི་ཁྱིམ་གཞིས་ཤོར་མཁན་དག་རང་མོས་དང་བདེ་འཇགས་སྒོས་རང་ཁྱིམ་དུ་ལོག་ཏུ་བཅུག་ནས། ཁོ་ཚོའི་དབང་ཆར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར། དེས་མི་ཚད་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་དུང་ནུབ་ཕྱོགས་ཀྱི་བཀག་སྡོམ་བྱས་ཏེ་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བཀག་རྒྱ་བཟོས་པར་སྐྱོན་བརྗོད་བྱས།

གྲོས་མོལ་བྱེད་སྐབས། རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་འཇིགས་སྐུལ་རིང་ལུགས་ཡོད་ཚད་ལ་ཆམ་ཕབ་གཏོང་རྒྱུ་བསྐྱར་བསྒྲགས་བྱས། དེ་དང་མཉམ་དུ་སི་རི་ཡ་ལ་རྒྱལ་སྤྱིའི་རོགས་སྐྱོར་སྔར་ལས་མང་བོ་བྱ་རྒྱུ་ནན་གྱིས་བསྟན་ཞིང་། དེའི་ནང་དུ་སི་རི་ཡའི་མི་རྣམས་རང་མོས་དང་བདེ་འཇགས། ཁ་ཡོད་ངོ་ཡོད་སྒོས་ཕྱིར་མེས་རྒྱལ་དུ་ལོག་ཏུ་འཇུག་པ་དང་། བསྐྱར་འཛུགས་ཐད་རོགས་རམ་བྱེད་པ་སོགས་འདུ། རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་ད་དུང་འབྲེལ་ཡོད་སྡེ་ཁག་གིས་བྱ་བར་མཐུན་སྦྱོར་བྱས་ཏེ། སི་རི་ཡ་དང་ཐུར་ཁེའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འཆར་གཞི་གཏན་འབེབས་བྱ་རུ་འཇུག་རྒྱུའི་ཐག་བཅད། རྒྱལ་ཁབ་བཞིའ་ཕྱི་འབྲེལ་པུའུ་ཀྲང་གིས་བལྟས་ན། ཐེངས་འདིའི་གྲོས་མོལ་ལ་དགེ་མཚན་དང་འཛུགས་སྐྲུན་རང་བཞིན་ཆེན་པོ་ལྡན་པར་འདོད་ལ། ཁོ་ཚོ་མུ་མཐུད་དུ་རྒྱལ་ཁབ་བཞིའི་རྣམ་པས་མཐོ་རིམ་འབྲེལ་འདྲིས་དང་ལག་རྩལ་གྲོས་མོལ་བྱེད་པར་འཐད་པ་བྱུང་།

སི་རི་ཡའི་གནད་དོན་གྱི་ཨ་སི་ཐ་ནའི་གྲོས་མོལ་ནི་ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར་སྤེལ་མགོ་བརྩམས་པ་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་སི་རི་ཡའི་མངའ་ཁོངས་ཀྱི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་གི་དྲག་ཆས་རྩ་འཛུགས་བར་དུ་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་མ་ཟད་མཉམ་ལས་བྱས་ཏེ་སི་རི་ཡའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་དང་། སི་རི་ཡའི་རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་སྐོར་ནས་ཐུན་མོང་གི་འདོད་བློ་འབྱུང་རྒྱུ། སི་རི་ཡའི་ཉེན་ཚབས་ཐག་གཅོད་ཐབས་ལམ་འཚོལ་རྒྱུ་བཅས་རེད། གྲོས་མོལ་དེའི་སྒྲོམ་གཞིའི་འོག་ཏུ། འབྲེལ་ཡོད་ཕྱོགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་མང་བོར་བསྡུས་མྱོང་།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།