ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིས་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་མེད་པར་བཟོ་བའི་དོན་དག་སྐོར་ནས་གྲོས་ཞིབ་བྱ་རྒྱུ་ཡིན་པ་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཀྱིས་དམག་དོན་རོགས་སྐྱོར་བྱ་རྒྱུ་ཡིན་པ་ཡང་བསྐྱར་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་སྒོས་བཀོད་པའི་གསར་འགྱུར་ལྟར་ན། ཨུ་རུ་སིའི་གྲོས་ཁང་འོག་མ་དང་གྲོས་ཁང་གོང་མ་གཉིས་ཀྱིས་མི་འགྱང་བབར་ཨུ་རུ་སི་ཕྱོགས་ཀྱིས་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་མེད་པར་བཟོ་བའི་དོན་དག་སྐོར་ནས་གྲོས་ཞིབ་བྱ་རྒྱུ་རེད། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་དགུ་ཉིན་བསྒྲགས་རྒྱུར། ཁོ་ཚོས་ཝུའུ་ཁི་ལན་ལ་ཡང་བསྐྱར་རིན་གོང་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཀྱི་དམག་དོན་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་གྲོས་ཁང་འོག་མ་དང་གྲོས་ཁང་གོང་མས་མི་འགྱང་བར་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་མེད་པར་བཟོ་བའི་དོན་དག་སྐོར་ནས་གྲོས་ཞིབ་བྱ་རྒྱུ་རེད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་བཀའ་ཁྱབ་སྟེང་མིང་བཀོད་ནས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཡཱ་པུའུ་ཁོ་ཧྥུའུ་ཡིས་འབྲེལ་ཡོད་གྲོས་ཞིབ་བྱ་བར་གཞོགས་འདེགས་བྱ་དགོས་པའི་མངགས་བཅོལ་གནང་།

ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་དང་ཧྭ་ཧྲ་སྤྱི་ཆིངས་རྩ་འཛུགས་ཀྱིས་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོར་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་ཅེས་པ་བཀོད་ལ། ཆིངས་ཡིག་དེས་དམག་དོན་སྡེ་ཚོགས་ཆེན་པོ་དེ་གཉིས་ཀྱི་རྒྱུན་སྲོལ་མཚོན་ཆ་སྣ་ཚོགས་ཀྱི་སྤྱི་གྲངས་དང་ཞིབ་བཤེར་བྱེད་ཐབས་སོགས་གཏན་ཁེལ་བྱས་ཡོད། ཧྭ་ཧྲ་སྤྱི་ཆིངས་རྩ་འཛུགས་ཁ་ཐོར་དུ་གྱུར་པ་དང་སུའུ་ལེན་ཁ་ཐོར་དུ་གྱུར་རྗེས། ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་དང་ཨུ་རུ་སིས་ཆིངས་ཡིག་དེའི་དོན་ཚན་ཁ་ཤས་ལེགས་སྒྲིག་བྱས་མོད། ཡིན་ནའང་ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ལེགས་སྒྲིག་བྱས་རྗེས་ཀྱི་ཆིངས་ཡིག་དེར་ཆོག་མཆན་མ་བཀོད་པས། ཨུ་རུ་སི་ཕྱོགས་ཀྱིས་ཉིས་སྟོང་བདུན་ལོ་ནས་བཟུང་ཆིངས་ཡིག་དེ་གནས་སྐབས་སུ་ལག་བསྟར་བྱེད་མཚམས་བཞག

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་དགུ་ཉིན་བསྒྲགས་རྒྱུར། ཁོ་ཚོས་ཡང་བསྐྱར་ཝུའུ་ཁི་ལན་ལ་རིན་གོང་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཀྱིས་དམག་དོན་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གསལ་ཁྲ་ལྟར་ན། ཐེངས་འདིར་རོགས་སྐྱོར་བྱེད་པའི་མཚོན་ཆ་དང་སྒྲིག་ཆས་ཀྱི་ཁྲོད་དུ་མཁའ་ཟོན་མཚོན་ཆའི་མ་ལག་དང་མདེལ་རྫས། ཝུའུ་ཁི་ལན་གྱི་མཁའ་ཟོན་མ་ལག་དང་ནུབ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་མཁའ་ཟོན་འཕུར་མདའ་འཕེན་ཆས། འཕུར་མདའ་སོགས་མཉམ་སྦྲེལ་བྱས་པའི་སྒྲིག་ཆས། ཚོང་བཀོལ་འཁོར་སྐར་བརྙན་རིས་ཞབས་ཞུ་སོགས་འདུ་ཟེར།

ཨུ་རུ་སིའི་ཝོ་ལོ་ཉི་རི་མངའ་སྡེའི་མགོ་གཙོ་ཀུའུ་ཞེ་ཧྥུའུ་ཡིས་ཚེས་བཅུ་ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་གནས་ཚུལ་སྤེལ་ནས། ཉིན་དེའི་སྐྱ་རེངས་ཀྱི་དུས་སུ། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་གཉིས་ཀྱིས་མངའ་སྡེ་དེའི་དམག་དོན་སྒྲིག་ཆས་ཤིག་ལ་འཇབ་རྒོལ་བྱ་རྩིས་བྱས་མོད། ཨུ་རུ་སི་ཕྱོགས་ཀྱིས་རྒོལ་ལན་སྤྲད་པས། མི་མེད་གནམ་གྲུ་ཞིག་ཐང་ལ་ལྷུང་བ་དང་མི་མེད་གནམ་གྲུ་གཅིག་འགས་གཏོར་བཏང་ཟེར།

ཐ་སི་གསར་འགྱུར་ཁང་གིས་ཚེས་བཅུ་ཉིན་ཨུ་རུ་སིའི་རྡོ་སྣུམ་སྦུག་ལམ་སྐྱེལ་འདྲེན་ཀུང་ཟིའི་བསྒྲགས་པའི་གནས་ཚུལ་དྲངས་པ་ལྟར་ན། ཉིན་དེའི་སྐྱ་རེངས་ཀྱི་དུས་སུ། ཨུ་རུ་སིའི་མཛའ་བརྩེ་ཞེས་པའི་སྣུམ་འདྲེན་སྦུག་ལམ་གྱི་པུའུ་ལང་སི་ཁི་མངའ་སྡེ་རུ་ཡོད་པའི་འདོན་འཇུག་ས་ཚིགས་ཤིག་ལ་གཞན་གྱིས་མེ་མདས་བརྒྱབ་པ་དང་། དོན་རྐྱེན་དེའི་ཁྲོད་དུ་མི་སྣས་ཤི་རྨས་བཟོས་མེད་ལ། སྦུག་ལམ་རྒྱུན་ལྡན་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་སྟེང་ཚེས་དགུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་ཉིན་དེར་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨིན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་མདེལ་རྫས་ཀྱི་རོགས་སྐྱོར་དང་། ཨུ་རུ་སི་ལ་བཀག་སྡོམ་གྱི་བྱེད་ཐབས་གསར་པ་སྤྱོད་པ། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་ཞུགས་པ། ཝུའུ་ཁི་ལན་དངུལ་རྩའི་རོགས་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་སྐོར་ནས་གྲོས་སྡུར་བྱས། ཐུག་འཕྲད་ཀྱི་རྗེས་སུ་མཉམ་འབྲེལ་སྒོས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་དུ། ཙི་ལེན་སི་ཅི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་ཞུགས་པའི་དོན་དག་སྐོར་ལ་མྱུར་དུ་གྲོས་མོལ་བྱེད་མགོ་རྩོམ་རྒྱུའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཚེས་དགུ་ཉིན་ཝ་ཧྲིན་ཏོན་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལའེ་ཧྥོ་ལེ་དང་གྲོས་མོལ་བྱས། གྲོས་མོལ་གྱི་རྗེས་སུ་མཉམ་འབྲེལ་སྒོས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་དུ། ཕྱོགས་གཉིས་ཀས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱ་རྒྱུའི་དམ་བཅས་པར་མ་ཟད། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་བཏང་མེད་ཅེས་བཤད།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་སྤྱིའི་ཇུས་འདོན་པུའུ་ཡིས་ཚེས་དགུ་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་དུ། ཨུ་རུ་སིའི་དམག་གིས་ཝུའུ་ཁི་ལན་གྱི་དམག་སྒར་དང་མི་གྲངས་ཉུང་སར་བསྡོམས་པས་འཕུར་མདའི་འཇབ་རྒོལ་ཐེངས་སུམ་ཅུ་དང་། བར་སྣང་འཇབ་རྒོལ་ཐེངས་རེ་གཅིག་ལ་བྱས་པ་དང་། མེ་ཤུགས་འཕུར་མདའ་ཐེངས་གྱ་དགུ་ལ་འཕངས། ཨུ་རུ་སིའི་དམག་གིས་མུ་མཐུད་དུ་དམག་ཤུགས་གཙོ་བོ་དག་ཨ་ཧྥུའུ་ཅི་ཧྥུའུ་ཁ་དང་ལེ་མན་སོགས་ས་ཁུལ་དུ་བསྡུ་རུབ་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་པ་ཧི་མུའུ་ཐི་དང་མཱ་ལིན་ཁ་འཕྲོག་རྩོད་བྱས་ཏེ་དམག་འཁྲུག་དྲག་པོ་བརྒྱབ་ཡོད་ཟེར།

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་དམག་སྤྱི་ཀྲ་ལུའུ་རི་ནེ་ཡིས་ཚེས་དགུ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་གིས་ཚེས་བརྒྱད་ཉིན་གྱི་ནམ་གུང་དང་ཚེས་དགུ་ཉིན་གྱི་ཞོགས་པར་ཝུའུ་ཁི་ལན་གྱི་མངའ་ཁོངས་ལ་འཕུར་མདས་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་མཁའ་ཟོན་མ་ལག་གིས་ཨུ་རུ་སི་ཕྱོགས་ཀྱིས་ཕའངས་པའི་འཕུར་མདེལ་ཉེར་ལྔའི་ཁྲོད་ནས་ཉེར་གསུམ་རྡུལ་དུ་བརླགས་ཡོད་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།