ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁ་ནི་མི་མེད་གནམ་གྲུས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་སློང་མཁན་གྱི་གཏེ་བོ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་བཞི་ཉིན་སྨྱན་སྦྱོར་ལ་བཤད་རྒྱུར། ཨ་མེ་རི་ཁ་ནི་མི་མེད་གནམ་གྲུས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་སློང་མཁན་གྱི་གཏེ་བོ་ཡིན་ལ། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁའི་མཛུབ་སྟོན་ལ་ཉན་ནས་འཇབ་རྒོལ་བྱས་པ་རེད་ཟེར།

ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་པའི་དོན་དག་དེ་ནི་ཝུའུ་ཁི་ལན་གྱིས་ཐག་བཅད་པ་མིན་པར་ཨ་མེ་རི་ཁས་ཐག་བཅད་པ་རེད། ཝུའུ་ཁི་ལན་གྱིས་ཐ་ན་འཇབ་རྒོལ་གྱི་དམིགས་འབེན་དང་འཇབ་རྒོལ་བྱེད་ཐབས་ཚང་མའི་ཐད་ནས་ཨ་མེ་རི་ཁའི་བཀའ་ལ་ཉན་དགོས་ཟེར།

ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁས་འཇབ་རྒོལ་དོན་རྐྱེན་ལ་ཞུགས་པ་ཁས་མ་བླངས་པ་དེ་ནི་དགོད་བྲོ་བ་ཞིག་རེད། ཨུ་རུ་སིའི་གསང་འཕྲིན་ལས་ཁུངས་ཀྱིས་འཇབ་རྒོལ་གྱི་འབྲེལ་ཡོད་དོན་དག་རྩད་ཆོད་ཡོད་མོད། འོན་ཀྱང་མིག་སྔར་གནས་ཚུལ་ཉུང་ངུ་ཙམ་མ་གཏོགས་བསྒྲགས་མེད། ཨུ་རུ་སི་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་དཔྱོད་ནན་མོ་བྱེད་བཞིན་པའི་སྒང་ཡིན་ཟེར།

ཁོས་ད་དུང་ཨུ་རུ་སིས་ཟླ་འདིའི་ཚེས་དགུ་ཉིན་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོ་བསྡུ་རྩིས་ཡོད་ཅེས་བཤད།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་མི་མེད་གནམ་གྲུ་བཀོལ་ནས་ཁི་ལེ་མུའུ་ལིན་ཕོ་བྲང་གི་ཨུ་རུ་སིའི་ཙུང་ཐུང་བཞུགས་ཤག་ལ་འཇབ་རྒོལ་བྱེད་རྩིས་བྱས་མོད། ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་དེ་བདེ་བླག་ངང་བཀག་པས། ཁི་ལེ་མུའུ་ལིན་ཕོ་བྲང་ནང་གི་མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་མེད། ཨུ་རུ་སི་ཕྱོགས་ཀྱིས་འོས་འཚམ་གྱི་དུས་ཚོད་དང་ས་གནས་གདམ་ནས་འཇབ་རྒོལ་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཕེ་སི་ཁོ་ཧྥུའུ་ཡིས་ཉིན་དེར་ཅུང་འཕྱི་བའི་དུས་སུ་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་འཇབ་རྒོལ་དེ་ནི་འཆར་གཞི་ཅན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཏུ་ངོས་བཟུང་ཡོད་པ་དང་། རྒྱལ་ཁའི་ཉིན་མོའི་སྔ་ནུབ་ཏུ་ཙུང་ཐུང་ཕུའུ་ཅིན་ལྐོག་གསོད་བྱ་འདོད་པའི་འགུལ་སྐྱོད་ཅིག་ཏུ་བརྩིས་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པོ་ཏོ་ལེ་ཡ་ཁི་ཡིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གི་ཆེད་དམིགས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་མ་མྱོང་བ་དང་། ཝུའུ་ཁི་ལན་གྱི་འཇབ་རྒོལ་བྱེད་ཡུལ་ནི་ཨུ་རུ་སིས་བཙན་བཟུང་བྱས་པའི་ཝུའུ་ཁི་ལན་གྱི་མངའ་ཁོངས་ཀྱི་དམག་དོན་སྒྲིག་ཆས་ཁོ་ན་ཡིན་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕེ་ཨར་གྱིས་ཚེས་གསུམ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིས་ཝུའུ་ཁི་ལན་གྱིས་ཁི་ལེ་མུའུ་ལིན་ཕོ་བྲང་ལ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་སོང་ཟེར་བ་དང་། ཕུའུ་ཅིན་ལྐོག་གཅོད་བྱེད་རྩིས་བྱས་སོང་ཟེར་བ་དེ་ནི་ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་མ་ཉེས་ཁ་གཡོགས་བྱས་པ་ཡིན་མིན་ཡང་ད་དུང་བརྡར་ཤ་གཅོད་དཀའ་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།