ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཙུང་ཐུང་གིས་སི་རི་ཡར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་སཱ་ཏི་ཡིས་ཚེས་གསུམ་ཉིན་རྒྱལ་ས་ཏ་མ་སི་ཁོ་ནས་འཚམས་འདྲིར་ཡོང་བའི་དབྱི་ལང་གི་ཙུང་ཐུང་ལའེ་ཞི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀས་རྡོ་སྣུམ་དང་ཞིང་ལས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཚུལ་བསྟན།

དེ་ནི་དབྱི་ལང་གི་ཙུང་ཐུང་གིས་ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ཉེན་ཚབས་བྱུང་རྗེས་སི་རི་ཡར་འཚམས་འདྲི་བྱེད་ཐེངས་ཐོག་མ་རེད། སི་རི་ཡའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལའེ་ཞི་དང་མཉམ་དུ་འཚམས་འདྲིར་ཡོང་མཁན་ལ་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་། རྡོ་སྣུམ་པུའུ་ཀྲང་སོགས་མཐོ་རིམ་དཔོན་རིགས་དག་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་གྲོས་མོལ་གྱི་རྗེས་སུ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འཆར་གཞིའི་བཟོད་སྒོམ་བརྗེད་ཐོ་དང་། ཞིང་ལས་དང་རྡོ་སྣུམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་སོགས་ཡིག་ཆ་མང་བོ་བཀོད་ལ། དེས་རྒྱལ་ཁབ་གཉིས་ཀས་རྗེས་ཕྱོགས་རྡོ་སྣུམ་དང་ཞིང་ལས། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་དང་འཕྲིན་གཏོང་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་པ་མཚོན་ཡོད་ཟེར།

པ་ཧྲ་ཨར་གྱིས་གྲོས་མོལ་གྱི་རྗེས་སུ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དངུལ་གཏོང་དང་ཉོ་ཚོང་ཆུ་ཚད་ཇེ་མཐོར་བཏང་བ་བརྒྱུད་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་རྒྱུ་ཡིན་ཟེར། ཁོས་དེས་སི་རི་ཡའི་བཀག་སྡོམ་ཇེ་ལྷོད་དུ་གཏོང་བར་ཤན་ཤུགས་ཐེབས་ཐུབ་ཅེས་བཤད། ཁོས་ད་དུང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ལ་འགྱུར་ལྡོག་བྱུང་བ་སོགས་དང་བསྟུན་ནས། རྒྱལ་སྤྱིའི་དཔལ་འབྱོར་དེ་ནུབ་ཕྱོགས་ཀྱི་བཙན་དབང་འོག་ནས་བཅིངས་འགྲོལ་ཐོབ་དགོས་ལ། བཀག་སྡོམ་བྱས་ཚེ་ནུས་པ་རིམ་བཞིན་ཉམས་པར་འགྱུར་ངེས་ཞེས་བཤད།

ལའེ་ཞི་ཡིས་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་སྡུག་ཆེན་པོ་མྱངས་ཏེ། འཇིགས་སྣང་བསླངས་པ་དང་བཀག་སྡོམ་བྱས་པ་ལས་ཐེབས་པའི་བར་ཆད་སེལ་ཡོད་ཟེར། ཁོས་ཨ་མེ་རི་ཁའི་དམག་མི་མྱུར་དུ་ས་ཁུལ་དེ་ནས་ཕྱིར་འཐེན་བྱས་ཏེ། སི་རི་ཡའི་བདག་དབང་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བཤད།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ཉེན་ཚབས་བྱུང་བ་དང་། ཉེན་ཚབས་དེ་བྱུང་རྗེས་དབྱི་ལང་གིས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།