2016ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཧེ་ཅུང་ཅང་གི་ཞིང་ལས་གལ་འགངས་ཤིན་ཏུ་ཆེ། ཕྱིས་སུ་ས་དེར་སོང་ནས་ཡིན་གཅིག་མིན་གཉིས་ཞིང་ལས་ལ་བལྟ་རྒྱུ་ཡིན་ཞེས་བསྟན། ཟླ་གཉིས་ཀྱི་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། འབྲུ་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས། ཐོན་སྐྱེད་ལག་རྩལ་བྱེད་ཐབས་ལེགས་སྒྱུར་དང་། རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ། ཞིང་པས་འབྲུ་རིགས་འདེབས་པའི་ཧུར་བརྩོན་ལ་སྲུང་སྐྱོང་བྱེད་པ་བརྒྱུད་འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་ཆེར་གཏོང་དགོས་ཞེས་བསྟན།
ཉེ་བའི་ལོ་འགའི་རིང་། ཧེ་ལུང་ཅང་གིས་རྒྱལ་ཁབ་འབྲུ་རིགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་རྨང་རྡོ་ལྟ་བུའི་འགན་འཁུར་བཞིན། སྤྱིའི་འབྲུ་རིགས་ཐོན་འབོར་ལོ་བཅུ་གསུམ་ལ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་བསྐྲུན། དེ་དང་ཆབས་ཅིག་ཏུ་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་ལ་རོགས་འདེགས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། རྨོ་འདེབས་དང་ཞིང་བསྡུའི་ཕྱོགས་བསྡུས་འཕྲུལ་འཁོར་བེད་སྤྱོད་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་བརྟན་པོར་གནས་ཤིང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་མཐུད་མཐོ་རུ་འགྲོ་བཞིན་ཡོད།
དཔྱིད་འགོའི་ཧེ་ལུང་ཅང་དུ་ཁ་བ་ད་དུང་ཡོངས་སུ་ཞུ་ཚར་མེད། ཅ་མུའུ་སེ་གྲོང་ཁྱེར་ཧྭ་ནན་རྫོང་ཧུང་ཡོན་ཆུ་འབྲས་ཆེད་ལས་མཉམ་ལས་ཁང་གི་དྲོད་ཁང་རྟེན་གཞིར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་མཉམ་ལས་ཁང་དེའི་ལས་འཛིན་དཔོན་སུན་པིན་གྱིས་འདེབས་འཛུགས་ཁྱིམ་ཚང་དང་ལྷན་དུ་ཁངས་ཕྱགས་ནས་དྲོད་ཁང་གི་སྒོ་རྒྱག་བཞིན་ཡོད། དེ་དང་ཐག་མི་རིང་སའི་ཞིང་ཁར། ཞིང་ལས་གྲངས་འཛིན་ཅན་གྱི་ལྟ་སྐུལ་དོ་དམ་སྒྲིག་ཆས4མིག་ལམ་དུ་མངོན་པར་གསལ། སུན་པིན་གྱིས་སྒྲིག་ཆས་དེ་དག་ལ་བརྟེན་ནས་ཞིང་པ་རྣམས་ཀྱིས་གནམ་ལ་བརྟེན་ནས་ཟ་མ་བཟའ་བ་ནས་ཚན་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བའི་བར་འགྱུར་ལྡོག་བྱུང་ཡོད་ཅེས་བཤད།
2016ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། སྐབས་དེ་དུས་སུན་པིན་གྱིས་གཏམ་བཤད་སྤེལ་སྐབས་སྤྲོ་བ་ཆེན་པོས་ཡར་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་ཞིང་གསུམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཞིང་པའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་ཧྭ་ནན་རྫོང་འདེབས་འཛུགས་ལས་རིགས་གཙོ་བོར་གཉེར་པ་ཞིག་ཡིན་མིན་དང་། མ་རྨོས་ལོ་ཏོག་རིམ་པ་དབྱེ་ནས་ཉོ་སྒྲུབ་བྱེད་པའི་སྐབས་སུ་སྤུས་ཀ་ལེགས་པའི་མ་རྨོས་ལོ་ཏོག་གིས་བསྡུར་གྲངས་ག་ཚོད་ཟིན་པ། ཐོན་འབོར་ལ་ཁྱད་པར་ཡོད་མེད། འཕྲུལ་འཁོར་བེད་སྤྱོད་གཏོང་ཚུལ་ཅི་འདྲ་ཡིན་མིན་སོགས་ཀྱི་སྐོར་འདྲི་གནང་སྐབས། སུན་པིན་གྱིས་དྲི་བ་རེ་རེ་བཞིན་ལན་བཏབ་པ་མ་ཟད་ད་དུང་ཞིང་པ་ཚོས་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་གསལ་པོར་ཤེས་པ་མ་ཟད། ད་དུང་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ནས་ས་ཞིང་ཡག་པོ་འདེབས་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅིར་ཁོམ་པ་ཡོད་དུས་ཧེ་ལུང་ཅང་དུ་རྟོག་ཞིབ་ལ་ཕེབས་རྒྱུའི་རེ་བ་ཡོད་ཅེས་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་ཧེ་ཅུང་ཅང་གི་ཞིང་ལས་གལ་འགངས་ཆེ། ཕྱིས་སུ་ང་རང་གནས་དེར་འགྲོ་ན་ངེས་བར་དུ་ཞིང་ལས་ལ་བལྟ་རྒྱུ་ཡིན་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་ཀྱི་བདེ་འཇགས་ལ་དོ་ཁུར་གནང་བ་དེས་སུན་པིན་ལ་ཕྲག་ཐོག་གི་འགན་འཁྲི་ལྕི་བའི་ཚོར་བ་བྱིན། 2016ལོ་ནས་བཟུང་། སུན་པིན་གྱིས་མཉམ་ལས་ཁང་གི་ཁོངས་མི་ཚོའི་སྣེ་ཁྲིད་དེ་མུའུ8000ཟིན་པའི་ལྗང་མདོག་ཆུ་འབྲས་ཀྱི་ལྟེ་བའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་། ཁོངས་མི་ཚོས་ཀྱང་ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་བཟང་ཆ་ལོངས་སུ་སྤྱོད་ཐུབ་པ་བྱུང་། སུན་པིན་གྱིས་ལག་རྩལ་གསར་པ་དང་རིགས་གསར་པ། ཞིང་ལས་འདུ་ཤེས་གསར་པ་བཅས་ང་ཚོའི་མཉམ་ལས་ཁང་བརྒྱུད་ནས་ཁོངས་མི་ཚོར་བརྒྱུད་སྒྲོག་བྱས་པ་དང་། སྔོན་ཐོན་གྱི་ཞིང་ལས་ལག་རྩལ་དང་རྨང་གཞིའི་སྒྲིག་བཀོད་བེད་སྤྱད་ནས་ཐོན་འབོར་སྔར་བས་ཡག་པོ་ཡོང་བཞིན་ཡོད་ཅེས་བཤད།
འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ཐོག་བདེ་འཇགས་ཡིན་པའི་སྒོ་ནས་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་དེ་ནི་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེ་དེ་རེད། ཉེ་བའི་ལོ་འགའི་ནང་ཧེ་ལུང་ཅང་གིས་འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱས་ཏེ་ཀྲུང་གོ་བའི་ལྟོ་ཕོར་ཀྲུང་གོ་བ་རང་གི་ལག་ཏུ་དམ་པོར་བཟུང་ཡོད།
ཅན་སན་ཅང་དུ་གནས་པའི་ཆི་ཤིང་ཞིང་རར། ཞིང་པ་ཚོས་འཕྲུལ་འཁོར་སྒྲིག་ཆས་ཞིག་གསོ་བྱས་ཏེ་རྨོ་འདེབས་ཀྱི་གྲ་སྒྲིག་ལས་དོན་ལ་དམ་འཛིན་བྱེད་བཞིན་ཡོད། ད་ལོ་ཞིང་ར་དེས་བྱང་སྐར་ཕྱོགས་སྟོན་གྱི་ཆ་སྙོམས་སྐྱོ་དཀྲུག་རང་འགུལ་འཕྲུལ་འཁོར9ཉོས་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན། ཆི་ཤིང་ཞིང་རའི་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཡ་ཧྥེ་ཡིས་བཤད་རྒྱུར། གྲངས་འཛིན་ཞིང་ལས་གོང་འཕེལ་གཏོང་རྒྱུ་དེ་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བྱ་ཐབས་གཙོ་བོར་བརྩིས་ནས། མི་མེད་ཞིང་ར་མུའུ་ཁྲི1.5ཡི་དཔེ་སྟོན་ཁུལ་གཙོ་གནད་ཐོག་གཏོད་པ་དང་། ལག་རྩལ་བྱང་ཆུབ་པའི་རིག་ནུས་ཞིང་ལས་ལག་རྩལ་གཅིག་སྡུད་བརྒྱུད། ཞིང་ལས་ཐོན་སྐྱེད་དེ་གནད་སྨིན་ཅན་དང་རིག་ནུས་ཅན་ནས་མི་མེད་ཅན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།
ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག ཧེ་ལུང་ཅང་གིས་ད་དུང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་། མིག་སྔར། ཧེ་ལུང་ཅང་དུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་གཅིག་ལས་བརྒལ། ཝུའུ་ཏ་ལན་ཁྲེ་གྲོང་ཁྱེར་ཐོན་ཅེ་གྲོང་རྡལ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་ཡུལ་གྱི་ཞིང་འདེབས་ཁུལ་བཞི་ལ་དུས་གཅིག་ཏུ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་བཞིན་ཡོད།
ད་ལོར། ཧེ་ལུང་ཅང་གིས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཀུན་ནས་བརྟན་དུ་གཏོང་བ་དང་། འབྲུ་འདེབས་རྒྱ་ཁྱོན་མུའུ་དུང་ཕྱུར2.18ཡན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག རྩེར་སོན་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཁྱབ་གདལ་བེད་སྤྱོད་ཀྱི་སྣེ་ཁྲིད་ཁུལ་བསྐྲུན་རྒྱུ་ཡིན་པ་དང་། རེས་བསྐོར་གསར་པའི་སྤུས་ལེགས་འབྲུ་རིགས་ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་ནས་འབྲུ་རིགས་བསྡུ་ཉར་སྙོམས་སྒྲིག་ཚོད་འཛིན་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ་རེད། ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་འདེབས་འཛུགས་ལས་རིགས་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀོ་ཅ་ཡུང་གིས་བཤད་རྒྱུར། གཙོ་བོ་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་དང་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་པ་སོགས་ཕྱོགས་བདུན་ནས་འབྲུ་རིགས་ཐོན་འཕར་ཡོང་བའི་ནུས་པ་སྔོག་འདོན་བྱ་རྒྱུ་རེད། ལོ་ལྔའི་ནང་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར1800ཡས་མས་སུ་མཐོ་རུ་བཏང་ནས། རྒྱལ་ཡོངས་ཀྱི་རེས་བསྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་ཟིན་པའི་འགུལ་སྤྱོད་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཟས་ཕོར་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས།