ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ཞེས་པ་ཚེས་ཉེར་བདུན་ཉིན་ནེ་པཱ་ལཱའི་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས་ཀྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏཱ་ཡིས་མགོ་ཁྲིད་པའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད། ཕུའུ་ལཱ་ཁྲང་ཏཱའི་སྲིད་གཞུང་དེ་གྲངས་ཉུང་སྲིད་གཞུང་དུ་གྱུར་བ་དང་། ཡང་བསྐྱར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ་དགོས་པ་རེད།
ཙུང་ལི་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཕུའུ་ལཱ་ས་ཏི་པའོ་ཏི་ཨ་དང་ཕྱི་འབྲེལ་བློན་ཆེན་ལཱ་དབྱེ་པའོ་ཏི་ཡཱ་ཨར་འདུས་པའི་ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ཞེས་པའི་པུའུ་ཀྲང་བརྒྱད་ཀྱིས་ཉིན་དེར་ཕུའུ་ལཱ་ཁྲང་ཏཱ་ལ་ལས་འཁྱུར་དགོངས་ཞུའི་སྙན་ཞུ་སྤྲད་པ་རེད།
ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། སྲིད་ཏང་བདུན་གྱི་རྒྱབ་སྐྱོར་ཐོབ་པའི་ཕུའུ་ལཱ་ཁྲང་ཏཱ་ཡིས་དམ་བཅའ་བཞག་སྟེ་ནེ་པཱ་ལཱའི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བ་རེད། ནེ་པཱ་ལཱའི་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས་དང་ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ཡིས་བཀོད་པའི་དབང་བགོའི་གྲོས་མཐུན་ལྟར་ན། ཕུའུ་ལཱ་ཁྲང་ཏཱ་ཡིས་ད་ལོའི་ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ཡི་འདེམ་སྒུག་པར་རྒྱབ་སྐྱོར་བྱེད་དགོས་པ་རེད།
ནེ་པཱ་ལཱའི་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས་ཀྱིས་ཉེ་སྔོན་ནེ་པཱ་ལཱའི་ཚོགས་ཆེན་ཏང་སོགས་སྲིད་ཏང་བདུན་བར་མནའ་འབྲེལ་བཙུགས་ཏེ། ནེ་པཱ་ལཱའི་ཚོགས་ཆེན་ཏང་གི་འདེམ་སྒུག་པས་ཙུང་ཐུང་ལ་འགྲན་རྩོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུར་གཅིག་གྱུར་ཡིད་འཐད་བྱུང་། ཟླ་འདིའི་ཚེས་ཉེར་ལྔ་ཉིན། མི་རིགས་དམངས་གཙོ་ཏང་གིས་ཕུའུ་ལཱ་ཁྲང་ཏཱ་ཡིས་མགོ་ཁྲིད་པའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ནི་ཕུའུ་ལཱ་ཁྲང་ཏཱའི་མཉམ་འབྲེལ་སྲིད་གཞུང་ཁྲོད་ཆེས་ཆེ་བའི་སྲིད་ཏང་ཡིན་པ་རེད། ཏང་ཁག་དེ་དང་མི་རིགས་དམངས་གཙོ་ཏང་ཕྱིར་བུད་རྗེས། ཕུའུ་ལཱ་ཁྲང་ཏཱའི་སྲིད་གཞུང་དེ་གྲངས་ཉུང་སྲིད་གཞུང་དུ་གྱུར་ཡོད་ལ། ཡང་བསྐྱར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ་དགོས་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ནེ་པཱ་ལཱའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད།