ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་ནས་ལག་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གནད་སར་བཟུང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་ཚེས་ཉེར་བདུན་ཉིན་སི་ཕན་གྱི་པཱ་སེ་ལོ་ནཱ་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་བརྩམས། ཚོགས་ཡུན་ཉིན་བཞི་ཡིན་པའི་ཚོགས་ཆེན་སྟེང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་ལྷག་ནས་ཡོང་བའི་འགྲེམ་ཞུགས་ཁེ་ལས་སྟོང་གཉིས་ལྷག་གིས་གཙོ་བོ་སྤོ་སྒུལ་འཕྲིན་གཏོང་ལས་རིགས་ཀྱི་འཕེལ་ཕྱོགས་གསར་བ་དང་ཐོན་རྫས་གསར་བ། ལག་རྩལ་གསར་བ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་མ་ཟད། ལས་རིགས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་ཐད་ཀྱི་བསམ་འཆར་མཉམ་སྤྱོད་བྱེད་རྒྱུ་རེད། 

ད་ལོའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་དུས་ཀྱིས་རང་ལ་མི་སྒུག་ཞེས་པ་དེ་ཡིན་ལ། དེའི་ནངGལྔ་ཇེ་མགྱོགས་སུ་གཏོང་བ་དང་དྲ་རྒྱ་སྒོ་འབྱེད་བྱེད་པ། དངུལ་ལོར་ཚན་རྩལ། གྲངས་ལྡན་ཅན་སོགས་ནི་ཐེངས་འདིའི་ཚོགས་ཆེན་གྱི་ནང་དོན་གཙོ་བོ་རེད། ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་གྱི་གཙོ་སྒྲུབ་མཁན་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཀི་རོས་ཏི་ཡིས་བསྟན་དོན། ང་ཚོ་གྲངས་ལྡན་ཅན་གྱི་ལམ་དུ་བསྐྱོད་བཞིན་ཡོད་ལ། ངེས་པ་དོན་གྱིས་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་ན། ཁྱབ་ཁོངས་སོ་སོ་ནས་ཡོང་བའི་གསར་གཏོད་སྟོབས་ཤུགས་མཁོ་ཟེར། 

ཁོས་བཤད་རྒྱུར། ད་ལོ་ནི་སྤོ་སྒུལ་ཁ་པར་ཐོག་མ་བྱུང་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་ཞིང་། དེས་དོན་རྐྱེན་རབ་དང་རིམ་པ་མགོ་བརྩམས་ཡོད་པ་མཚོན་ལ། དོན་རྐྱེན་དེ་དག་གིས་མི་རྣམས་ཀྱི་འཚོ་བ་དང་བྱ་བ། འབྲེལ་འདྲིས་བྱེད་ཐབས་བཅས་ལ་འགྱུར་ལྡོག་ཆེན་པོ་བཟོ་བཞིན་ཡོད་ཟེར། 

ཀྲུང་གོའི་སྤོ་སྒུལ་དང་ཀྲུང་གོའི་འབྲེལ་འཕྲིན། ཀྲུང་གོའི་གློག་འཕྲིན། ཧྭ་ཝེ། ཀྲུང་ཞིན། ཨོ་ཕའོ། ཞའོ་མུས་སོགས་ཀྲུང་གོའི་འཕྲིན་གཏོང་དང་ཚན་རྩལ་ཁེ་ལས་སྐབས་འདིའི་ཚོགས་ཆེན་ལ་ཞུགས། འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཡའོ་ཧན་ཧའོ་ཧྥུའུ་མན་གྱིས་ཚོད་དཔག་བྱས་པ་ལྟར་ན། བརྒྱ་ཆའི་ཉེར་ལྔའི་ཚོགས་ཞུགས་མཁན་ཨེ་ཤ་ཡཱ་ནས་ཡོང་བ་དང་། དེའི་ནང་མི་སྟོང་བཞི་ནས་སྟོང་ལྔ་ཀྲུང་གོ་ནས་ཡོང་བ་ཡིན་སྲིད་ཟེར། 

འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་ནི་སྤོ་སྒུལ་འཕྲིན་གཏོང་ལས་རིགས་ཀྱི་ཚོགས་ཆེན་གལ་ཆེན་ཞིག་ཡིན་པ་དང་། ལས་རིགས་ཀྱི་ཕྱོགས་སྟོན་འཁོར་ལོར་བསྔགས་བཞིན་ཡོད་ཀྱང་། འདས་པའི་ལོ་འགའི་ནང་ཚོགས་ཆེན་དེར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས། ཉིས་སྟོང་ཉི་ཤུ་ལོར་ཚོགས་ཆེན་མེད་པར་བཏང་བ་དང་། ཉིས་སྟོང་ཉེར་གཅིག་ལོར་དུས་ལ་འགོར་འགྱངས་བྱས་ནས་འགྲེམ་སྟོན་དང་གྲོས་བསྡུར་གྱི་སྒོར་ཁག་མང་བོ་ཞིག་དྲ་ཐོག་ནས་སྤེལ་བ་རེད། ཉིས་སྟོང་ཉེར་གཉིས་ལོར་ཡུལ་དངོས་ནས་ཚོགས་པར་སླར་གསོ་བྱས་ཀྱང་གཞི་རྒྱ་སྔར་བཞིན་ཧ་ཅང་ཆུང་། ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་ལ་མི་འབུམ་གཅིག་དང་སྟོང་དགུ་ལྷག་ཞུགས་ཡོད་པ་རེད། 

དེ་ལས་གཞན་གཞུང་སྒྲུབ་ཕྱོགས་ཀྱིས་ད་རུང་འགྲེམ་སྟོན་ཚོགས་འདུར་བརྟེན་ནས་ལས་རིགས་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་ལས་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་ཞི་འཇགས་སུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད། ཀི་རོས་ཏི་ཡིས་ནན་གྱིས་བསྟན་དོན། ཚོགས་ཆེན་ནས་ལག་རྩལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་པ་ལས་གཞན། ལས་རིགས་སྣེ་ཁྲིད་པའི་མ་འོངས་པའི་རེ་འདུན་འཚོལ་ཞིབ་བྱས་པའི་ཞོར་དུ་ཚོགས་ཆེན་ནས་བསྐྲུན་པའི་དཔལ་འབྱོར་རིན་ཐང་ལའང་མཐོང་ཆེན་བྱེད་རྒྱུ་རེད། ཚོགས་ཆེན་གཙོ་སྒྲུབ་ཕྱོགས་ཀྱིས་ཚོད་དཔག་བྱས་ན་ད་ལོའི་ཚོགས་ཆེན་ལ་མི་ཁྲི་བརྒྱད་ལྷག་ཞུགས་སྲིད་པ་དང་། ཡོ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔའི་དཔལ་འབྱོར་ཁེ་ཕན་བསྐྲུན་ཐུབ་ངེས་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།