ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་དབྱི་སི་རལ་གྱི་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། དབྱི་སི་རལ་གྱི་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་ལྷོ་ངོས་ཀྱི་ཧུའུ་ཝ་ལཱ་གྲོང་རྡལ་གྱི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་ནས་བྱུང་བ་དང་། ཕཱ་ལེ་སི་ཐན་གྱི་མི་ཞིག་གིས་དབྱི་སི་རལ་གྱི་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་སྟེ། རླངས་འཁོར་ནང་གི་མི་གཉིས་ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་དོན་རྐྱེན་བྱུང་སའི་ས་ཁུལ་དེ་བཀག་སྡོམ་བྱས་ཡོད་ལ། བྲོས་བྱོལ་བྱས་པའི་འཇབ་རྒོལ་མཁན་རྗེས་འདེད་བྱེད་བཞིན་ཡོད་ཟེར། 

གཞན་ཡང་དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཕུབ་ཆེན་དམར་པོ་ཞེས་པས་བཤད་རྒྱུར། རྨས་མ་དེ་གཉིས་ལོ་ཉི་ཤུ་ལྷག་ཡིན་པ་དང་། རྨས་སྐྱོན་ཚབ་ཆེན་ཡིན་པས། མྱུར་མོར་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་བཤད་རྒྱུར། མུ་མཐུད་དུ་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱོད་རྒྱུ་ཡིན་པ་དང་། བདེ་འཇགས་དང་ཁྲིམས་འཛུགས་འགུལ་སྐྱོད་ལ་བརྟེན་ནས་དབྱི་སི་རལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་དང་དཔོན་རིགས་གཙོ་བོས་གནས་བབ་དཔྱད་འཇོག་གི་གྲོས་ཚོགས་བསྡུས་ཏེ། འགོག་སྲུང་དམིགས་ཡུལ་དབང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་དམག་དོན་བཀོད་སྒྲིག་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 

ཕཱ་ལེ་སི་ཐན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཧུའུ་ཝ་ལཱ་ས་ཁུལ་དུ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་དང་། ཞིབ་བཤེར་ས་ཚིགས་གཉིས་ཀྱི་སྒོ་བརྒྱབ་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།