ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལིའི་ལྷོ་རྒྱུད་མཚོ་ཁོངས་སུ་གནས་སྤོ་ཡུལ་མིའི་གྲུ་གཟིངས་ཤིག་མཚོ་ནང་དུ་འཐིམས་ཏེ་མི63ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ2པའི་ཚེས27ཉིན་གྱི་དགོང་མོ་བར། ཉིན་ཤས་སྔོན་ལ་དབྱི་ཐ་ལིའི་ལྷོ་རྒྱུད་མཚོ་ཁོངས་སུ་བྱུང་པའི་གནས་སྤོ་ཡུལ་མིའི་གྲུ་གཟིངས་མཚོ་ནང་དུ་འཐིམས་པའི་དོན་རྐྱེན་ཁྲོད། ཚེ་འདས་མི་གྲངས63ལ་འཕར་ཞིང་། མི81བསྐྱབས་པ་དང་། མི་བཅུ་ལྷག་གར་སོང་ཆ་མེད་དུ་གྱུར། འཚོལ་སྐྱོབ་ལས་དོན་སྔར་ལྟར་སྤེལ་བཞིན་ཡོད།

དབྱི་ཐ་ལིའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  འདས་པོ63ཁྲོད་བུད་མེད21དང་བྱིས་པ15ཚུད་ཡོད་པ་རེད། མིག་སྔར་མི4ལ་མི་བཙོངས་པའི་དོགས་གཞི་ཡོད་སྟབས་དབྱི་ཐ་ལི་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། དབྱི་ཐ་ལིའི《དགོང་དྲོའི་སྦྲག་ཏར་ཚགས་པར》གྱིས་རྒྱལ་སྤྱིའི་གནས་སྤོ་ཡུལ་མི་རྩ་འཛུགས་ཀྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་ལས་བརྒལ།

གནས་ཚུལ་སྤེལ་བ་ལྟར་ན། གནས་སྤོ་ཡུལ་མིའི་གྲུ་གཟིངས་དེའི་ནང་ཉུང་མཐར་ཡང་མི180བསྡད་ཡོད་པ་དང་། མང་ཆེ་བ་ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན། སི་རི་ལན་ཁའི་མི་རེད། གཟའ་འཁོར་སྔོན་མར་གྲུ་གཟིངས་དེ་ཐུར་ཁེ་ནས་ལམ་ལ་ཆས་ཤིང་ཚེས26ཉིན་གྱི་ཐོ་རེངས་དུས་སུ་དབྱི་ཐ་ལིའི་ལྷོ་རྒྱུད་ཀྱི་ཁ་ལ་པུའུ་ལི་ཡ་ས་ཁུལ་གྱི་སྐམ་སར་སླེབས་སྐབས། གནམ་གཤིས་མི་བཟང་བ་དང་མཚོ་གྲུའི་ཐེག་ཚད་ལས་བརྒལ་བ་བཅས་ཀྱི་དབང་གིས་གྲུ་གཟིངས་དེ་ཁེ་ལུའོ་ཐུའོ་ནེ་གྲོང་ཁྱེར་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཐིམས།

མིག་སྔར་ས་གནས་དེ་གའི་མེ་ཟོན་སྡེ་ཁག་དང་རོགས་སྐྱོབ་མི་སྣས་མུ་མཐུད་དུ་འཚོལ་སྐྱོབ་བྱེད་བཞིན་ཡོད་མོད། གནམ་གཤིས་ཀྱི་དབང་གིས་འཚོལ་སྐྱོབ་ལས་དོན་ལ་བཀག་རྐྱེན་ཆེན་པོ་ཐེབས།

དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་ཡིས་གནས་སྤོ་ཡུལ་མིའི་གྲུ་གཟིངས་རྒྱ་མཚོ་ནང་འཐིམས་པར་གདུང་སེམས་ཆེན་པོ་སྐྱེས་པ་དང་། དབྱི་ཐ་ལིའི་སྲིད་གཞུང་གིས་གནས་སྤོ་ཡུལ་མི་བྱུང་སའི་རྒྱལ་ཁབ་དང་དམིགས་སའི་རྒྱལ་ཁབ་ཁག་དང་མཉམ་དུ་བཀག་འགོག་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བཤད།

དུས་ཡུན་རིང་པོ་ཞིག་ལ། ཁྲིམས་འགལ་གྱི་གནས་སྤོ་ཡུལ་མི་དང་སྐྱབས་བཅོལ་བ་མང་པོ་ཞིག་གིས་ཏིས་ཀྲུང་ཧེ་དང་དབྱི་ཐ་ལི་བརྒྱུད་དེ་ཡོ་རོབ་གླིང་དུ་བསྐྱོད་རྩིས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།