ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་ལི་ཡའོ་རི་ནེ་མངའ་སྡེའི་མཚོ་ཁུགས་སུ་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་མངའ་སྡེའི་མེ་གསོད་སྡེ་ཁག་གིས་ཚེས་དྲུག་ཉིན་བདེན་དཔང་བྱས་དོན། ཉིན་མཚན་མེད་པར་སྔོག་བཤེར་བྱས་པ་བརྒྱུད། རྒུད་སྐྱོབ་མི་སྣས་མངའ་སྡེ་དེའི་བཀའ་ནཱ་པཱ་ལཱ་མཚོ་ཁུགས་སུ་ཚེས་ལྔ་ཉིན་གྱི་དགོང་མོའི་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཁྲོད་འདས་པོ་དྲུག་གི་བེམ་པོ་རྙེད་ཡོད་ཟེར། 

པཱ་ཞིའི་ས་གནས་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བ་ནི་མི་བཅུ་བཞི་དྲུད་པའི་ཉ་བདའི་གྲུ་གཟིངས་ཤིག་ཡིན་པ་དང་། གྲུ་གཟིངས་སྟེང་གི་མི་ཚང་མ་གཉེན་ཉེ་གྲོགས་པོ་ཡིན་ལ། དེའི་ནང་མི་ལྔ་ཁྱིམ་གཅིག་གི་རེད། ཚེས་ལྔ་ཉིན་ཁོ་ཚོ་ཕཱ་ཁི་ཐཱ་གླིང་ཕྲན་དུ་གནས་སྐོར་ལ་སོང་བ་དང་། ཕྱིར་ལོག་པའི་ལམ་བར་ནས་དྲག་རླུང་ལ་འཕྲད་ནས་གྲུ་གཟིངས་ནུབ་པ་རེད་ཟེར། 

དོན་རྐྱེན་བྱུང་བའི་རྗེས་སུ། མེ་གསོད་མི་སྣ་མྱུར་མོར་རྒུད་སྐྱོབ་བྱེད་དུ་སོང་བ་དང་། ཚེས་དྲུག་ཉིན་གྱི་ཞོགས་པར་བསྡོམས་པས་མི་དྲུག་བསྐྱབས་ཡོད་ལ། གཞན་ཡང་མི་གཉིས་གར་སོང་རྙེད་མེད། 

པཱ་ཞིའི་མཚོ་དམག་གིས་ཚེས་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། མཚོ་དམག་གི་ལི་ཡའོ་རི་ནེ་གྲུ་ཁའི་ཡན་ལག་རུ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།