ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུར་ཁེ་དང་སི་རི་ཡཱའི་ས་ཡོམ་རྗེས་ཀྱི་བྲེལ་མྱུར་རོགས་སྐྱོར་འགུལ་སྐྱོད་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ2པའི་ཚེས6ཉིན། རྒུད་སྐྱོབ་མི་སྣས་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་སའི་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་ཞིང་ཆེན་གྱི་ཕཱ་ཨར་ཀྲི་ཁི་ནས་བརྡིབས་པའི་ཁང་བའི་ཞིག་རོའི་ནང་སྲོག་ཉེན་ལས་ཐར་བའི་མི་འཚོལ་ཞིབ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར། ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཚེས་དྲུག་ཉིན་ས་ཡོམ་དྲག་པོ་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་མྱུར་མོར་ས་ཡོམ་རྗེས་ཀྱི་རོགས་སྐྱོར་འགུལ་སྐྱོད་སྤེལ་མགོ་བརྩམས་ཏེ། གནོད་ཐེབས་ས་ཁུལ་དང་མང་ཚོགས་ལ་མི་ཆོས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། ཡུལ་དངོས་ནས་དགོས་མཁོར་དཔྱད་འཇོག་དང་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། གནོད་ཐེབས་མང་ཚོགས་མང་བོས་རོགས་སྐྱོར་བྱེད་དཀའ་བའི་ས་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་ཅིང་། མ་གཞི་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མང་བོ་མཁོ་བ་དང་། ས་ཡོམ་ལས་ཛ་དྲག་གི་མི་ཆོས་རོགས་སྐྱོར་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ནས་གནོད་ཐེབས་མང་ཚོགས་ཁྲི་སྟོང་མང་བོར་རོགས་རམ་བྱེད་པའི་རེ་བ་བཅངས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་བཤད་རྒྱུར། རྒྱུན་མཐུད་ཀྱི་འཐབ་འཁྲུག་གི་ཤུགས་རྐྱེན་ལས་སི་རི་ཡཱའི་བྱང་ཕྱོགས་ཀྱི་མི་ས་ཡ་མང་བོར་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་པ་དང་། ནུབ་བྱང་ས་ཁུལ་དུའང་མི་ས་ཡ་བཞི་དང་འབུམ་གཅིག་ཙམ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བརྟེན་བཞིན་ཡོད། ཐེངས་འདིའི་ས་ཡོམ་དེ་དགུན་ཁའི་དུས་སུ་བྱུང་བ་དང་། ས་ཡོམ་ལས་བཟོས་པའི་གཏོར་བརླག་གིས་ས་དེའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་རོགས་སྐྱོར་བྱེད་སའི་གནས་གཙོ་བོ་སྟེ་ཐུར་ཁེའི་ཅཱ་ཅི་ཨན་ཐེ་ཕུའུ་ཡང་ས་ཡོམ་བྱུང་སའི་ཉེ་འདབས་སུ་ཡོད་པ་རེད། 

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་བསྟན་དོན། ལས་ཁུངས་དེའི་ཅཱ་ཅི་ཨན་ཐེ་ཕུའུ་རུ་ཡོད་པའི་མཛོད་ཁང་དུ་ཟས་རིགས་མ་ཡིན་པའི་དངོས་རྫས་དང་གཞི་རྩའི་རྒུད་སྐྱོབ་དངོས་རྫས་འདང་ཚིམས་པ་གྲ་སྒྲིག་བྱས་ཡོད་ཟེར། ལས་ཁུངས་དེའི་མགྲིན་ཚབ་པ་མུའུ་སེ་ལེ་ཡིས་བཤད་རྒྱུར། གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཡུལ་དངོས་སུ་དཔྱད་འཇོག་བྱེད་བཞིན་ཡོད་ལ། ཕན་ནུས་ལྡན་པའི་འགུལ་སྐྱོད་སྤེལ་བར་སྟབས་བདེ་བཟོ་བཞིན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་མགོ་བ་ཧྲི་ཐེ་ནཱ་ཡིས་གསལ་སྒྲོག་གཅིག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གིས་དུས་ངེས་མེད་དུ་མ་འོངས་པའི་ཉིན་འགའ་དང་གཟའ་འཁོར་འགའ། ཟླ་ངོ་འགའི་ནང་གནོད་ཐེབས་མང་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ། ཁོ་ཚོ་དཀའ་སྡུག་དེ་ཁྲོད་ནས་སླར་གསོ་བྱེད་པར་རོགས་རམ་བྱེད་རྩིས་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་སྨན་བཅོས་རུ་ཁག་ལ་ཆོག་མཆན་ཐོབ་ཡོད་པ་དང་། རྨས་ཕོག་པའི་མང་ཚོགས་དང་ཆེས་ཉམས་ཞན་གྱི་མི་ཚོགས་ལ་སྨན་བཅོས་གཉོར་སྐྱོང་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཀྱང་བསྟན་དོན། འཕྲལ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཡོད་ཟེར། 

ཐུར་ཁེའི་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་ཞིང་ཆེན་དུ་ཚེས་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་བཅུ་བདུན་སྟེང་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་ཡོམ་བྱུང་བ་དང་། ཉེ་འདབས་ས་ཁུལ་དུའང་ས་ཡོམ་ཆུང་བ་ཐེངས་མང་བྱུང་། ཐུར་ཁེའི་གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གིས་ཚེས་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ལས་ཐུར་ཁེ་ནས་ཉུང་མཐར་ཡང་མི་སྟོང་གཉིས་དང་སུམ་བརྒྱ་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་གོ་གསུམ་ལ་རྨས་ཕོག གཞན་ཡང་ཁང་བ་སྟོང་ལྔ་དང་དྲུག་བརྒྱ་དྲུག་ལ་གཏོར་བརླག་ཐེབས་ཡོད་ཟེར། 

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཉིན་དེའི་ཞོགས་པར་ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་བྱུང་བའི་ས་ཡོམ་དྲག་པོ་ལས་སི་རི་ཡཱའི་མངའ་ཁོངས་སུ་མི་བཞི་བརྒྱ་དང་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་གཅིག་དང་སུམ་བརྒྱ་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཤི་རྨས་ཐེབས་པའི་མི་རྣམས་ནི་ཨ་ལེ་ཕའོ་ཞིང་ཆེན་དང་ལཱ་ཐཱ་ཅི་ཡཱ་ཞིང་ཆེན། ཧཱ་མཱ་ཞིང་ཆེན། ཐཱ་ཨར་ཐུའུ་སི་ཞིང་ཆེན་སོགས་སི་རི་ཡཱའི་དབུས་བྱང་ཕྱོགས་ཀྱི་ཞིང་ཆེན་དག་གི་ཡིན་པ་དང་། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།