ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ཞི་ལཱའི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ལཱའི་ཡཱ་ཏེན་མཱ་ཆི་ཏོན་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ཉིན་དེའི་ཞོགས་པར་ཞི་ལཱའི་ལའེ་ལོ་སི་གླིང་ཕྲན་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཁོངས་སུ་རྒྱ་མཚོར་ནུབ་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སོ་དགུ་སྲོག་ཉེན་ལས་བསྐྱབས་ཡོད་ཅེས་བཤད། 

མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་བསྒྲགས་པ་ལྟར་ན། བུད་མེད་ཅིག་རྙེད་དུས་ཚེ་ལས་འདས་ཡོད་པ་དང་། གཞན་ཡང་མི་མང་བོ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། དེའི་ནང་གནས་ཚུལ་ཚབས་ཆེན་ཡིན་པའི་བྱིས་པ་གསུམ་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་ཞེས་བཤད། 

ཞི་ལཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་ལྔ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། སྲོག་ཉེན་ལས་ཐར་བའི་མིས་བཤད་ན་གྲུ་གཟིངས་དེ་ནི་ཐུར་ཁེ་ནས་ལམ་དུ་ཆས་པ་ཡིན་ལ། གྲུ་གཟིངས་སྟེང་མི་བཞི་བཅུ་ལྷག་ཡོད་པ་དང་། འགྲུལ་བ་མང་ཆེ་བ་ཨ་ཧྥེ་རི་ཁ་གླིང་གི་མི་རེད། དོན་རྐྱེན་བྱུང་སྐབས་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་བརྒྱད་ཀྱི་རླུང་ཆེན་གཡུགས་པ་དང་བསྟུད་མར་ཆར་བ་བབས་ནས་མཐོང་ཚད་ཧ་ཅང་དམའ་ལ། ནམ་ཟླ་ཧ་ཅང་མི་བཟང་ཟེར། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།