ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་དུ་མཚོན་ཆ་འདོན་སྤྲོད་བྱས་པ་དེས་ཨུ་རུ་སིའི་མངའ་ཁོངས་སུ་དཔུང་འཇུག་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཝུའུ་ཁི་ལན་བར་ཐུན་མོང་ལྟ་ཚུལ་བཀོད་དེ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འདོན་སྤྲོད་བྱས་པའི་མཚོན་ཆ་དེ་དག་ཝུའུ་ཁི་ལན་ཁོ་ནར་བེད་སྤྱོད་བྱེད་སྲིད་པ་དང་། ཨུ་རུ་སིའི་མངའ་ཁོངས་ལ་དཔུང་འཇུག་བྱེད་པའི་ཐད་བཀོལ་མི་སྲིད་ཟེར། 

ཧྲའོ་ཨར་ཚི་ཡིས་འཇར་མན་གྱི་གཟའ་ཉི་མའི་པར་རིས་ཚགས་པར་གྱིས་ཚེས་ལྔ་ཉིན་སྤེལ་བའི་བཅར་འདྲིའི་རྩོམ་ཡིག་ནང་བསྟན་དོན། ཁོས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅིའི་བར་ཐུན་མོང་ལྟ་ཚུལ་བཀོད་ཡོད་ཅིང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འདོན་སྤྲོད་བྱས་པའི་མཚོན་ཆ་དེ་ཝུའུ་ཁི་ལན་ཁོ་ནར་བེད་སྤྱོད་བྱེད་པ་ལས་ཨུ་རུ་སིའི་མངའ་ཁོངས་སུ་དཔུང་འཇུག་བྱེད་པའི་ཐད་བཀོལ་མི་སྲིད་ཟེར། 

ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཚེས་བཞི་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། འབྲེལ་ཡོད་ཀྱི་འཇིགས་ཉེན་ལ་དམིགས་ཏེ་མའོ་སི་ཁོ་ཡིས་རྣམ་པ་གང་རུང་གི་རྣམ་འགྱུར་སྟོན་སྲིད། རྣམ་འགྱུར་དེ་རིགས་མྱུར་ཞིང་ཤུགས་དང་ལྡན་ལ། མི་སེམས་བདེ་བ་ཞིག་ཡིན་སྲིད་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ལོ་པཱ་ཡེ་ཧྥུའུ་མཚོན་ཆའི་ཀུང་ཟིའི་སྲོལ་འབྱེད་པ་ལོ་པཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀུང་ཟི་དེས་ཐོན་ནུས་རྒྱ་བསྐྱེད་བཞིན་ཡོད་པ་དང་། ཟླ་གཉིས་པ་ནས་བཟུང་མེ་མདའི་ཐོན་ཚད་ལྡབ་གཅིག་གིས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། ཟླ་བཞི་བ་ནས་བཟུང་ཐོན་ནུས་ལྡབ་གཉིས་ཀྱིས་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཞི་ཉིན་ཚེས་གསུམ་ཉིན་ཅི་ཧྥུའུ་ནས་བསྡུས་པའི་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་སྐྱོན་བརྗོད་བྱས། ཁོ་མོས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ལས་ཨུ་རུ་སིའི་ནུས་པ་ཉམས་ཞན་དུ་བཏང་ནས་ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་བཙན་དབང་ཧམ་སེམས་ལ་ཞབས་འདེགས་ཞུ་རུ་འཇུག་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་འཛེམ་དོགས་ཅི་ཡང་མེད་པར་ཝུའུ་ཁི་ལན་གྱི་སྲིད་དབང་ལ་རྒྱབ་སྐྱོར་བྱེད་བཞིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་ལ། དེ་ཡོ་རོབ་གླིང་མནའ་འབྲེལ་ཐོག་མར་འཛུགས་སྐབས་ཀྱི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།