ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ལོ་ཧྲན་ཅི་རུ་མེ་མདའི་དོན་རྐྱེན་ཞིག་བྱུང་སྟེ་མ་མཐར་ཡང་མི3ཚེ་ལས་འདས་ཤིང་མི4ལ་རྨས་སྐྱོན་ཐེབས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས28ཉིན་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་ལོ་ཧྲན་ཅི་རྫོང་དུ་མེ་མདའི་དོན་རྐྱེན་ཞིག་བྱུང་སྟེ་མ་མཐར་ཡང་མི3ཚེ་ལས་འདས་ཤིང་མི4ལ་རྨས་སྐྱོན་ཐེབས་ཡོད། འདི་ནི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་རུ་ཉིན་བརྒྱད་རིང་མེ་མདའི་དོན་རྐྱེན་ཚབས་ཆེན་བྱུང་བ་ཐེངས་བཞི་བ་རེད། 

ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས28ཉིན་གྱི་ཐོ་རེངས་ཆུ་ཚོད2དང་སྐར་མ30ཡས་མས་སུ་པི་ཧྥུ་ལི་རི་གྲོང་ཉེ་འགྲམ་གྱི་སྡོད་ཁང་ཁུལ་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་ཞིང་། ཉེན་རྟོག་ཕྱོགས་ཀྱིས་བརྡ་འབྱོར་མ་ཐག་ཡུལ་དངོས་སུ་སོང་བ་ན་མི3རྐྱེན་ལམ་དུ་ཤོར་ཞིང་གཞན་རྨས་མ4སྨན་ཁང་དུ་བསྐྱལ་ཞིང་རྨས་མ་གཉིས་ཀྱི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན།

 ས་གནས་དེ་གའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདས་པོ་དེ3རླངས་འཁོར་གཅིག་གི་ནང་བསད་ཡོད་པ་དང་རྨས་མ4རླངས་འཁོར་གྱི་ཉེ་འགྲམ་དུ་ཡོད།

དོན་རྐྱེན་བཟོ་མཁན་མིག་སྔར་བྲོས་བྱོལ་བྱེད་བཞིན་ཡོད་པས་ཉེན་རྟོག་པས་མང་ཚོགས་ལ་ཁུངས་སྣེ་མཁོ་འདོན་བྱས་ནས་ཉེས་ཅན་འཛིན་བཟུང་བྱེད་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་། 

ཨ་རིའི“མེ་མདའི་གཏུམ་སྤྱོད་ཡིག་ཚགས”དྲ་ཚིགས་ཀྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། ད་ལོར་ཨ་རི་ལ་གཞི་ཁྱོན་ཆེ་བའི་མེ་མདའི་དོན་རྐྱེན་ཐེངས42བྱུང་ཞིང་། དེ་ནི་དྲ་ཚིགས་འདི་ཉིད2014ལོ་ནས་གཞི་གྲངས་ཐོ་འགོད་བྱས་ཚུན་དུ་དུས་མཉམ་རིགས་མཐུན་གྱི་དོན་རྐྱེན་བྱུང་བ་ཆེས་མང་བའི་ལོ་ཞིག་ཡིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།