ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་ལི་ཡི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་ཉེར་བདུན་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་ལི་ཡིས་ འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བར་རོགས་སྐྱོར་བྱེད་པ་དང་།   ཐོན་ཁུངས་དང་སྒྲིག་ཆས།   གསང་འཕྲིན་སོགས་ཕྱོགས་སུ་རྒྱབ་སྐྱོར་སྔར་ལས་ཆེན་པོ་འདོན་སྤྲོད་བྱས་ཏེ་མ་ལི་ཡིས་ཕྱི་ཕྱོགས་བདེ་འཇགས་མཉམ་ལས་སྤེལ་བའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཏའེ་པེན་གྱིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མ་ལི་གནད་དོན་ཐད་ཀྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་།  ཉེ་བའི་དུས་སྐབས་ཤིག་གི་རིང་།    མ་ལི་ཡིས་མའོ་ཕུའུ་ཐེས་སོགས་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་ས་གནས་གཏན་འཇགས་སྲུང་སྐྱོང་དང་མི་སེར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་དེར་ཁས་ལེན་གང་ལེགས་བྱེད་རིན་ཡོད་ཅེས་བསྟན།  དེ་དང་མཉམ་དུ།  འཇིགས་སྐུལ་སྟོབས་ཤུགས་ཀྱིས་གྲོང་སྡེར་འཇབ་རྒོལ་དང་།  མི་སེར་བཙན་ཁྲིད་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཏུ་བདེ་འཇགས་འཇིགས་ཉེན་བཟོ་བཞིན་ཡོད།   མ་ལི་ནི་ས་ཧི་ལི་དང་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ས་ཁུལ་གཙོ་བོ་ཡིན་པ་དང་།   མ་ལི་ཡིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་ནི་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་ཡིན།  ས་ཁུལ་རྒྱལ་ཁབ་དག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཤུགས་ཚད་སྲུང་འཛིན་བྱས་ཏེ་མཉམ་ཤུགས་གྲུབ་པར་བྱེད་དགོས།

ཏའེ་པེན་གྱིས་བཤད་རྒྱུར།   མིག་སྔར་མ་ལི་ཡི་ཆབ་སྲིད་བདེ་འཇགས་འཕེལ་རིམ་སྔར་བཞིན་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་ལི་ཡི་དོ་ཁུར་དང་རྒྱབ་སྐྱོར་མི་ལྷོད་པར་མ་ལི་སྲིད་གཞུང་གིས་ཕྱོགས་སོ་སོའི་འགྲན་རྩོད་ལ་ཁ་གཏད་འཇལ་བར་རོགས་སྐྱོར་བྱེད་དགོས།  ཉེ་བའི་དུས་སྐབས་ཤིག་གི་རིང་།   མ་ལི་ཡིས་རྩ་ཁྲིམས་བཟོ་བའི་འཕེལ་རིམ་མགོ་བརྩམས་པ་དང་།  སྔར་ལས་བཟོད་སྒོམ་གྱི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་བཙུགས་ལ།   འདེམ་བསྐོའི་གྲ་སྒྲིག་ལ་སྐུལ་འདེད་བཏང་བ་དང་།   ཀྲུང་གོ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་དག་ལ་དགའ་བསུ་ཞུ་བཞིན་ཡོད།

ཏའེ་པེན་གྱིས་བཤད་རྒྱུར།   ཆབ་སྲིད་བར་བརྒལ་བྱེད་རྒྱུ་དེ་ཐེངས་གཅིག་ལ་འགྲུབ་དཀའ་བས།   ཕྱོགས་སོ་སོ་རྒྱ་ཁྱབ་ངང་ཞུགས་པར་འགན་ལེན་བྱེད་པ་དང་ཕྱོགས་སོ་སོའི་ཁེ་ཕན་རེ་ཞུར་དོ་སྣང་བྱེད་པ།   མཐུན་སྒྲིལ་གཏན་འཇགས་ལ་སྲུང་སྐྱོང་བཟང་བོ་བྱེད་པ།   གྲོས་མོལ་བརྒྱུད་དེ་འགལ་བ་ཐག་གཅོད་པ་བཅས་བྱས་ནས་རྩ་ཁྲིམས་ལ་སྤྱི་དམངས་ཀྱིས་འདེམ་ཤོག་འཕེན་པ་དང་འདེམ་བསྐོའི་འཕེལ་རིམ་ལ་ཕན་པའི་ཆ་རྐྱེན་བསྐྲུན་དགོས།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་གོ་རིམ་ཁྲོད་དུ་མ་ལི་ཡི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱེད་དགོས་པ་དང་།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས།  ཞི་བདེ་དང་འདུམ་འགྲིག་གྲོས་མཐུན་དོན་འཁྱོལ་བྱ་རྒྱུ་ཧ་ཅང་གལ་ཆེ།     ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་སོགས་གྲོས་མོལ་ནང་རྐྱེན་བསྐྱར་དུ་འཛུགས་པར་འབད་བརྩོན་བྱས་པར་དགའ་བསུ་ཞུ་བཞིན་ཡོད་ལ།    ཨར་ཅི་རི་ཡས་རྒྱལ་སྤྱིའི་མཐུན་སྦྱོར་ཚན་ཆུང་ལ་མགོ་ཁྲིད་བྱས་ཏེ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པར་མ་ཟད།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལི་རུ་སྡོད་པའི་ཕྱོགས་མང་ཕྱོགས་བསྡུས་གཏན་འཇགས་ཆེད་མངགས་ཚོགས་པས་དེར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རེ་སྒུག་བྱེད་བཞིན་ཡོད།

ཏའེ་པེན་གྱིས་བསྟན་དོན།   མ་ལི་ཡི་དཔལ་འབྱོར་གནས་བབ་ཛ་དྲག་ཡིན་པ་དང་།   རྒྱལ་ཡོངས་ཀྱི་བཞི་ཆའི་གཅིག་གི་མི་གྲངས་ལ་མི་ཆོས་རོགས་སྐྱོར་མཁོ་གལ་ཆེ།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་མ་ལི་དཀའ་ཁག་ལས་ཐར་པར་རོགས་སྐྱོར་བྱས་ཏེ་རོགས་སྐྱོར་མ་དངུལ་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པ་དང་མ་ལི་རུ་ཡང་བསྐྱར་མི་ཆོས་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས།   བདེ་འཇགས་འཛུགས་སྐྲུན་ཤུགས་ཚད་ཆེ་རུ་བཏང་སྟེ་མ་ལི་ཡིས་ཞིང་ལས་གསར་སྤེལ་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན།  སློབ་གསོ་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོབ་བྱེད་པ་དང་།   མ་ལི་ཡིས་རང་བདག་འཕེལ་རྒྱས་ནུས་པ་མཐོར་འདེགས་གཏོང་བར་རོགས་སྐྱོར་བྱེད་དགོས།      མ་ལི་ཡི་ན་གཞོན་མང་པོ་འགལ་རྩོད་དང་དྲག་ཤུགས།    དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པས།   ཁོ་ཚོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཐོན་ཁུངས་གཏོང་ཤུགས་ཆེ་རུ་གཏོང་དགོས།   ཏའེ་པེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལི་རུ་སྡོད་པའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་ཞི་བདེ་སྲུང་སྐྱོབ་གྲུབ་འབྲས་མཐོར་འདེགས་བཏང་སྟེ་ཐོན་ཁུངས་དང་སྟོབས་ཤུགས་ཆེས་གལ་ཆེ་ཞིང་ཆེས་བྲེལ་མྱུར་ཆེ་བའི་ལས་འགན་སྟེང་འཇོག་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།