ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་བར་བདེ་འཇགས་མཐུན་སྦྱོར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱིས་ཚེས་ཉེར་དྲུག་ཉིན་དབྱི་སི་རལ་བར་བདེ་འཇགས་མཐུན་སྦྱོར་བྱེད་མཚམས་བཞག་སྟེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་དགུ་བསད་པར་རྒོལ་ལན་སྤྲོད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་ཕཱ་ལེ་སི་ཐན་གྱི་མི་མདངས་ལ་གནོད་སྐྱེལ་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པར་དམིགས་ནས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་བར་བདེ་འཇགས་མཐུན་སྦྱོར་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པས་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་བར་འབྲེལ་འདྲིས་བྱས་ནས། དབྱི་སི་རལ་བར་གྱི་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་ཕྱོགས་གཅིག་གི་བྱེད་ཐབས་མཚམས་འཇོག་དགོས་པའི་རེ་བ་འདོན་དགོས་ཟེར། 

གསལ་སྒྲོག་ལས་ད་རུང་ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་གྲོས་ཚོགས་བསྡུས་ནས་ཕྱོགས་ཡོངས་དང་གཅིག་གྱུར་གྱི་མི་རིགས་རེ་འདུན་ལ་གྲོས་བསྡུར་བྱས་ནས་དབྱི་སི་རལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཅེ་ཉིང་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་དགུ་བསད། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་བྲེལ་མྱུར་གྲོས་ཚོགས་བསྡུས་ནས་ཐབས་ཇུས་བྱེད་ཐབས་ལ་གྲོས་བསྡུར་བྱེད་དགོས་པ་ཁྱབ་བསྒྲགས་བྱས་པ་དང་། བཀའ་རྒྱ་བཏང་ནས་ཕཱ་ལེ་སི་ཐན་མངའ་ཁོངས་ཧྲིལ་བོ་ནས་དར་ཆ་ཕྱེད་ཙམ་མར་ཕབ་ནས་འདས་པོར་ཉིན་གསུམ་རིང་མྱ་ངན་ཞུ་དགོས་པའི་རེ་བ་བཏོན། 

ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཉེ་སྔོན་ཇེ་སྡུག་ཏུ་སོང་ཡོད་ཅིང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོར་སྔོག་བཤེར་འགུལ་སྐྱོད་སྤེལ་ནས། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ་ཤི་རྨས་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།