ཨུ་རུ་སིའི་ཆེད་མཁས་པས་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཆེད་མཁས་པ་མང་བོས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོའི་དཔལ་འབྱོར་ལ་གནོན་ཤུགས་ཆེན་པོའི་འོག་བསྟུད་མར་འཕེལ་རྒྱས་བྱུང་ཡོད་པ་དང་། མ་འོངས་པར་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཡིན་ཟེར། 

ཨུ་རུ་སིའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་གྱི་ཡོ་རོབ་གླིང་དང་རྒྱལ་སྤྱིའི་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཁཱ་ཧྲིན་གྱིས་བཤད་རྒྱུར། རིམས་ནད་དང་ཐོན་ལས་དང་མཁོ་འདོན་མུ་འབྲེལ་ལ་བཀག་རྒྱ་ཐེབས་པ་སོགས་རྒྱུ་རྐྱེན་མི་ལེགས་པ་རབ་དང་རིམ་པའི་ཤུགས་རྐྱེན་འོག ན་ནིང་ཀྲུང་གོའི་སྤྱིའི་ཐོན་རིན་འཕར་ཚད་སྔོན་དཔག་ནས་མཐོ་བར་མངོན་ཡོད་ཟེར། 

ཁཱ་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལེགས་བཅོས་བྱས་པ་དང་དཔལ་འབྱོར་བྱེད་ཐབས་བཟང་བོ་བཏོན་པ་དང་བསྟུན་ནས། ཉིས་སྟོང་ཉེར་གསུམ་ལོར་ཀྲུང་གོའི་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་འབྱུང་སྲིད་ཟེར། ཁོས་བལྟས་ན་ཀྲུང་གོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་ཀྱི་གལ་ཆེན་རང་བཞིན་ཇེ་མཐོར་འགྲོ་སྲིད་པ་དང་། མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་སུ་འགྱུར་སྲིད་པར་འདོད། 

ཨུ་རུ་སིའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་གྱི་ཤར་ཕྱོགས་སློབ་གླིང་གི་མགོ་བ་ཁཱ་ཨར་ནེ་ཡེ་ཧྥུའུ་ཡིས་ཀྱང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་དཔལ་འབྱོར་མདུན་ལྗོངས་ལ་ཡིད་ཆེས་ཡོད་པའི་ཚུལ་བསྟན། ཁོས་བསྟན་དོན། ཀྲུང་གོར་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་ཆས་དང་བརྟན་བརླིང་གི་བཟོ་ལས་རྨང་གཞི། ཕུན་སུམ་ཚོགས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་ཉེན་བཅས་ཡོད་ལ། ཀྲུང་གོའི་སྲིད་གཞུང་ལ་མ་འོངས་པའི་འགྲན་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་སྣ་མང་ཡོད་ཟེར། 

ཁཱ་ཨར་ནེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་གཞིགས་ན། ཀྲུང་གོའི་དཔལ་འབྱོར་ལ་འཕར་སྣོན་ཆེན་པོ་བྱུང་སྟེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ཡིད་ཆེས་དང་སྟོབས་ཤུགས་ཁ་སྣོན་བྱེད་ཐུབ་ཟེར། 

ཨུ་རུ་སི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མདུན་ལྗོངས་སྐོར་ནས་ཨུ་རུ་སིའི་ཆེད་མཁས་པ་ཚོས་བལྟས་ན། ཉིས་སྟོང་ཉེར་གཉིས་ལོར་ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཀྱིས་ལོ་རྒྱུས་ཀྱི་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད་ཅིང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་བཟོ་ལས་དང་ཞིང་ལས། གནས་སྐོར། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པར་འདོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།